《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月03日

ཕ་ཁི་སི་ཐན་གྱི་ཙུང་ལིས་བརྗོད་དོན།

ཀཱ་ཏར་རྒྱལ་སྤྱིའི་གནམ་ཐང་གསར་པ་ནི་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་ཀྱི་མཚོན་རྟགས་ཡིན།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་30ཉིན། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙིས་ཀྲུང་གོས་རོགས་སྐྲུན་བྱས་པའི་ཀཱ་ཏར་རྒྱལ་སྤྱིའི་གནམ་ཐང་གསར་པ་ནི“ཕ་ཁི་སི་ཐན་དང་ཀྲུང་གོའི་རླབས་ཆེན་མཛའ་གྲོགས་ཀྱི་འོད་སྟོང་འཕྲོ་བའི་མཚོན་རྟགས་ཤིག་ཡིན”

ཞེས་བརྗོད་པ་རེད།

ཕ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཞ་པ་ཙིས་ཉིན་དེར་རྒྱལ་ས་དབྱི་སི་ལམ་པོའི་ཙུང་ལིའི་ལས་ཤག་ཏུ་ཀཱ་ཏར་རྒྱལ་སྤྱིའི་གནམ་ཐང་གསར་པའི་འབྲེལ་ཡོད་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་རྒྱལ་སྤྱིའི་ཚད་གཞི་དང་དེང་རབས་ཅན་གྱི་སྒྲིག་ཆས་ལྡན་པའི་གནམ་ཐང་ཞིག་བསྐྲུན་པར་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀཱ་ཏར་རྒྱལ་སྤྱིའི་གནམ་ཐང་གསར་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་བསྐྲུན་རྒྱུ་མ་ཟད། ད་དུང་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་ཞིག་གཏོད་རྒྱུ་རེད།

ཞ་པ་ཙིས། ཕ་ཁི་སི་ཐན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ལག་ལེན་དུ་འཁྱོལ་ཐུབ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཟོས་ཏེ། གནམ་ཐང་གསར་པ་དེ་འདུ་འཛི་ཆེ་བའི་འགྲིམ་འགྲུལ་ལྟེ་གནས་ཤིག་ཏུ་བསྐྲུན་ནས། གནམ་ཐང་གསར་པ་དང་ཕ་ཁི་སི་ཐན་གྱི་ས་ཁུལ་གཞན་དག་དབར་འབྲེལ་མཐུད་བྱེད་པའི་བགྲོད་ལམ་དྲ་རྒྱ་འཆར་འགོད་བྱེད་པ་དང་འབྲེལ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཀྲུང་གོས་ཕ་ཁི་སི་ཐན་ལ་རོགས་སྐྲུན་བྱས་པའི་རྒྱལ་སྤྱིའི་གནམ་ཐང་གསར་པའི་རྣམ་གྲངས་ནི་ཕ་ཁི་སི་ཐན་ལྷོ་ནུབ་རྒྱུད་ཀྱི་པི་ལུའུ་ཀྲི་ཞིང་ཆེན་གྱི་གྲུ་ཁའི་གྲོང་ཁྱེར་ཀཱ་ཏར་དུ་གནས་ཤིང་། 2019ལོའི་ཟླ་10པར་སྐྲུན་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་གཙོ་གནད་རྣམ་གྲངས་ཤིག་རེད། 2024ལོར་ལས་མཇུག་འགྲིལ་རྗེས་ཕ་ཁི་སི་ཐན་ཕྱོགས་ལ་དངོས་སུ་རྩིས་སྤྲད་ནས་གཉེར་སྐྱོང་བྱེད་བཞིན་ཡོད་པ་རེད།