ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་31ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སྒྱུར་ལ་སྒུལ་ནུས་གསར་པ་སྦྱིན་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བར་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ཡར་རྒྱས་ལ་སྐུལ་འདེད་གཏོང་ཆེད“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ལེགས་སྐྱེས”མུ་མཐུད་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་དྲིས་པར། ན་ནིང་འབོ་གསེར་རྒྱལ་ཁབ་ཀྱིས་ཁོངས་མི་རྒྱ་སྐྱེད་བཏང་རྗེས་ཀྱི་དབུ་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཕེ་རུ་དང་པར་ཙིར་སོགས་རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སོགས་རྒྱལ་སྤྱིའི་ཕྱོགས་མང་ཚོགས་འདུ་གལ་ཆེན་སྔ་རྗེས་སུ་འཚོགས་ཡོད། དཔྱད་གཏམ་འགའ་ཞིག་ནང་། 2024ལོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལོ་ཡིན་པའི་ངོས་འཛིན་བྱས་འདུག མགྲིན་ཚབ་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དར་རྒྱས་འགྲོ་ཕྱོགས་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་སྟངས་གང་ཞིག་འཛིན་གྱི་ཡོད་དམ།
མའོ་ཉིང་གིས་བརྗོད་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་གོམ་ཞེང་ཆེན་པོས་ལོ་རྒྱུས་ཀྱི་གར་སྟེགས་སུ་འཛེགས་པ་ནི་འཛམ་གླིང་གི་འགྱུར་ལྡོག་ཆེན་པོའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། ལོ་གཅིག་རིང“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་འགོ་ཡག་པོ་ཞིག་བཙུགས་པ་དང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་+”ཀྱི་རྣམ་པ་གསར་པ་ཐོག་མར་མངོན་པ། ཨ་ཧྥེ་རི་ཁའི་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་དུ་ཐོན་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཕྱོགས་མང་མཉམ་ལས་ནང་དེ་བས་ཧུར་ཐག་དང་དེ་བས་རྒྱ་ཁྱབ་ངང་ཞུགས་ནས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སྒྱུར་ལ་སྒུལ་ནུས་གསར་པ་སྦྱིན་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བར་རྣམ་པ་གསར་པ་བཏོད་ཡོད།
མའོ་ཉིང་གིས། “ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་ལ། ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་དར་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་མཁན་ཡང་ཡིན”ཞེས་བརྗོད་པ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྒོ་དབྱེ་བསྟུན་མཁས་ཀྱི་མཉམ་ལས་གྲོས་འགོ་བཏོན་གནང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག་བརྒྱད་ཁྱབ་བསྒྲགས་གནང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་ཞི་བདེར་སྲུང་སྐྱོང་གི་བརྟན་ལྷིང་སྟོབས་ཤུགས་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་སྐུལ་འདེད་སྟོབས་ཤུགས་བཅས་བྱེད་དགོས་པའི་སྣེ་ཁྲིད་སྲོལ་གཏོད་གནང་ཡོད་ཅེས་བརྗོད་པ་རེད།
མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་མུ་མཐུད་བསྟར་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་འབྲེལ་རང་འབད་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ནས་མིའི་རིགས་ཀྱི་ཡར་རྒྱས་ལ་སྐུལ་འདེད་གཏོང་ཆེད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ལེགས་སྐྱེས”འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)