《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月03日

ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་ཐུན་མོང་ཕྱུག་འགྱུར་ལ་རམ་འདེགས་བྱས་པ།

—— ཀྲེ་ཅང་གི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་མཆོག

འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་དབྱང་དང་། ལིའུ་ཅུན་གོ ཀུའུ་ཁྲུན།

“‘ཁྲི་སྟོང་འདུ་འགོད’ལག་བསྟར་བྱས་པས་ཤིན་ཀོང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཡུས་ཀྲའེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མའོ་གཡོད་ཀྱིས་བརྗོད་ཅིང་། “སྔོན་ཆད་གྲོང་མི་ཚོས་ཆུ་ཤེལ་ལས་སྣོན་བྱེད་ཀྱི་ཡོད་པས་སྦགས་བཙོག་ཆེན་པོ་བཟོ་ཡི་ཡོད། ‘ཁྲི་སྟོང་འདུ་འགོད’བཀོད་སྒྲིག་ལག་བསྟར་བྱས་རྗེས་གྲོང་ཚོའི་ཆུ་ཤེལ་ལས་སྣོན་བྱེད་ས་གཅིག་སྡུད་ཐོག་ཐོན་ལས་གླིང་དུ་སྤོས་པ་དང་། གྲོང་ཚོས‘གནའ་བོའི་གྲོང་ཚོ་དང་། གསར་གཏོད་པ། ཞིང་ལས་རིག་གནས་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི’འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པས་གྲོང་མི་ཚོར‘རིག་གནས་ཡུལ་སྐོར་གྱི་ཡོང་འབབ’རག་ཡོད”ཅེས་བཤད།

2023ལོར་ཤིན་ཀོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་100ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་2650ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་117.3ཟིན་ཡོད་པ་རེད།

ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཡུས་ཚུན་གྲོང་ཚོ་དང་། ཧང་ཀྲོའུ་གྲོང་ཁྱེར་ཁྲུན་ཨན་རྫོང་ཤཱ་ཅང་གྲོང་ཚོ། ལི་ཧྲུའེ་གྲོང་ཁྱེར་ལུང་ཆོན་གྲོང་ཁྱེར་ཤིས་ཐོའུ་གྲོང་ཚོ་བཅས་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་གསེབ་ཡག་ཤོས”གྲས་སུ་བདམས་པ་རེད།

གྲོང་གསེབ་རིག་གནས་ནི་མིང་བྱང་རྩེ་གྲ་ཞིག་ཡིན་པ།

སེང་རྩེད་འཁྲབ་མཁན་གྱིས་དར་མདུད་གྲུ་གུ་འཕྲོག་རེས་བྱེད་པ་དང་། རྔ་དང་འཁར་རྔའི་སྒྲ་ཡིས་གནམ་ས་ཡོངས་སུ་ཁེངས། ཧང་ཀྲོའུ་གྲོང་ཁྱེར་ཐུང་ལུའུ་རྫོང་ཅང་ནན་གྲོང་རྡལ་ཧྲེན་ཨའོ་གྲོང་ཚོའི་རིག་གནས་ཚོགས་ཁང་མདུན་དུ། དམངས་སྲོལ་སྒྱུ་རྩལ་འཁྲབ་སྟོན་བྱེད་མཁན་གྲོང་མིས་ཡུལ་སྐོར་བ་ཚོར་མིག་མཐོང་ལག་ཟིན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས།

ཅང་ནན་གྲོང་རྡལ་གྱི་ཀྲེན་ཀྲང་ཏའེ་ཡཱ་ཧྥུང་གིས“ང་ཚོས་ཧྲེན་ཨའོ་གྲོང་ཚོའི་ཚོན་ཁྲ་ཅན་གྱི་ལྒང་ཞུ་དང་ཤིང་བཟོས་རྒྱ་མ་སོགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་ལག་ཤེས་བཟོ་རྩལ་པ་མང་པོ་འདྲེན་འགུག་དང་གསོ་སྐྱོང་བྱས་ནས་བཟོ་བོ་བརྒྱའི་སྒྱུ་རྩལ་གྱི་གྲོང་ཚོ་སྐྲུན་གྱི་ཡིན”ཞེས་བཤད།

“གྲོང་གསེབ་རིག་གནས་ལས་ཐུན་མོང་མིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ཚང་མའི་སེམས་ཤུགས་འཕེལ་ཡོད”ཅེས་དང་། ཏའེ་ཡཱ་ཧྥུང་གིས“ང་ཚོས་རང་ཡུལ་གྱི་རིག་གནས་མུ་མཐུད་དར་སྤེལ་གཏིང་ཟབ་གཏོང་བ་དང་། ‘ཕར་ཆིན་རྒྱག་པའི་ལག་རྩལ’ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་རིག་གནས་ཀྱི་མཛེས་པ་མི་དེ་བས་མང་བས་ཉམས་སུ་མྱོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

ཇི་ལྟར་བྱས་ནས་གྲོང་གསེབ་རིག་གནས་སྔར་ལས་ལེགས་པར་རྒྱུན་འཛིན་བྱེད་དགོས་སམ། དེའི་ཐད་ཀྲེ་ཅང་ལ་འཚོལ་ཞིབ་གསར་པ་ཞིག་ཐུབ་ཡོད། ན་ནིང་ནས་བཟུང་ཀྲེ་ཅང་གིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང(གྲོང་ཁྱེར་དང་ཆུས)བཅས་རིམ་པ་གསུམ་གྱི་རིག་གནས་ཆེད་མངགས་པ་1500ལྷག་ཙམ་གྲོང་གསེབ་ཏུ་མངགས་ནས་གྲོང་གསེབ་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཐོག གྲོང་གསེབ་རིག་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་ནུས་པ་བཏོན་ཡོད།

ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པ།

“ཡུག་འབྲེལ་རྒྱུད་བཤུག་དང་གཅིག་གྱུར་གཉེར་སྐྱོང་བྱས་པ་བརྒྱུད། གྲོང་ཚོའི་བེད་མེད་དུ་བཞག་པའི་ཁང་པ་དག་སྤུས་ལེགས་ཀྱི་དམངས་སྲོལ་གནས་ཚང་ལ་སྒྱུར་བཀོད་བྱས་པས་གྲོང་ཚོ་སྟོབས་ཆེར་གཏོང་བ་དང་ཡུལ་མི་ཕྱུག་པོ་ཆགས་པའི‘སྤུས་ལེགས་རྒྱུ་ནོར’དུ་གྱུར་ཡོད”ཅེས་ཆུས་ཀྲོའུ་གྲོང་ཁྱེར་ཆུས་ཅང་ཆུས་ཀའོ་ཅ་གྲོང་རྡལ་དབྱིང་ཁྲོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲན་ཞའོ་ལིན་གྱིས་བཤད། དབྱིང་ཁྲོན་གྲོང་ཚོས་གྲོང་ཚོ་ཧྲིལ་པོའི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དཔལ་འབྱོར་མཉམ་ལས་ཁང་དང་། གཉེར་སྐྱོང་ཚོང་དུད། ཞིང་དུད་སོགས་བྱེད་པོ་མང་དག་ཅིག་གིས་ཐུན་མོང་གཉེར་སྐྱོང་བྱས་པ་བརྒྱུད་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“སྐུ་མགྲོན་འབེལ་ལྷུག་ལྷུག་དང་། མང་ཚོགས་དགའ་ལྷང་ལྷང་། དངུལ་ཁུག་ལྗིད་ཏིག་ཏིག”གི་གསོན་ཉམས་དོད་པའི་ཕྱུག་འགྱུར་རྣམ་པ་བཏོད་ཡོད།

“ང་ཚོས‘ཧྲོའུ་ཀོང་གི་རྣམ་པ’ནང་འདྲེན་ཧུར་ཐག་བྱས་ནས་རིག་ལྡན་ཞིང་ལས་འཕེལ་རྒྱས་དང་དོ་དམ་སྔར་ལས་ནུས་ཆེ་ཡོང་བར་སྐུལ་འདེད་བཏང་སྟེ་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་བ་ཐོན་སྐྱེད་བྱས་ཡོད” “འདིར་ད་དུང་སྤྲོ་གསེང་ལྟ་སྐོར་དང་ཞིང་འདེབས་སློབ་གསོ་སོགས་འདུས་ཡོད་པས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད”ཅེས་ཀའོ་ཅ་གྲོང་རྡལ་གྱི་ཀྲེན་ཀྲང་ཆིའུ་ཀྲི་ཧྥེ་ཡིས་བཤད།

གྲོང་གསེབ་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ། ཀྲེ་ཅང་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་གྱི་གྲོང་ཚོ་ཁྲི་1.15ཡི་ཁྲོད་ཡུལ་སྐོར་གྱིས་ཞིང་པའི་ཡོང་འབབ་ལ་ལེགས་སྐྱེས་འབུལ་ཚད་20%ཟིན་པའི་ནང་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲོང་ཚོའི་ཞིང་པའི་ཡོང་འབབ་ལ་ལེགས་སྐྱེས་འབུལ་ཚད་30%ཟིན་ཡོད་པ་རེད།

གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་འགག་རྩ་ནི་མི་ལ་ཐུག་པ།

“ཡུན་ཧོ་སྐས་ཞིང་དུ་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་ཤེས་ལྡན་པ་མི་ཉུང་བ་ཞིག་ཕ་ཡུལ་མེ་ཡོན་གྲོང་ཚོར་ལོག་ནས་ལས་གཏོད་ལས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་པ་མ་ཟད། གྲོང་གསེབ་ཀྱི་ཤེས་ལྡན་པ་དེ་དག་གིས་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ནུས་ལྡན་བཏང་ཡོད”ཅེས་ཁྲུང་ཐོའུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁུང་ཞང་ཧྥུང་གིས་བཤད།

ཤེས་ལྡན་པས་རྣམ་པ་གསར་པ་བཏོད་པ། “ང་རང་ལོ་བཅུ་གྲངས་གོང་གྲོང་ཚོར་ལོག་ཡོང་བ་ཡིན། སྐབས་དེ་དུས་གྲོང་ཚོར་ད་དུང་བཟའ་བཅའ་ཤ་མོ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བཞིན་འདུག རགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ལས་ཁོར་ཡུག་གི་གནད་དོན་ཐོན་ནས་འདེབས་འཛུགས་ཀྱི་ཁེ་བཟང་མི་འཕར་བའི་ཁར་ཐོན་ལས་ཕྱོགས་སྒྱུར་ནི་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད”ཅེས་མེ་ཡོན་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་གོ་ཕིང་གིས་བཤད།

རྫ་བཟོ་ཁང་དང་། གྲོང་གསེབ་ཀྱི་ཇ་ཁང་། ཁྱད་ལྡན་དམངས་སྲོལ་གནས་ཚང་ལ་སོགས། ཉེ་བའི་ལོ་ཤས་རིང་མེ་ཡོན་གྲོང་ཚོར་གྲོང་གསེབ་ཀྱི་ཤེས་ལྡན་པ་20ལྷག་ཙམ་སླེབས་ནས་མེ་ཡོན་གྲོང་ཚོའི་གསོན་ཤུགས་རྒྱས་པར་མཁོ་བའི་ཤེས་ལྡན་པའི་དཔུང་ཁག་མང་དུ་བཏང་ཡོད། “གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ད་ཆ་མེ་ཡོན་གྲོང་ཚོར་ཁྱོན་བསྡོམས་དམངས་སྲོལ་གནས་ཚང་40ལྷག་ཙམ་ཡོད། 2024ལོ་ནས་བཟུང་གྲོང་ཚོའི་ནང་གི་དམངས་སྲོལ་གནས་ཚང་དང་ཞིང་དུད་སྤྲོ་སྐྱིད་ཁང་ལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་800ལྷག་ཙམ་བྱུང་ཡོད”ཅེས་ཡེ་གོ་ཕིང་གིས་བཤད།

གཞོན་ནུ་ཤེས་ལྡན་པ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ། ཀྲེ་ཅང་གིས་གསོ་སྐྱོང་བྱས་པའི་ཞིང་ལས་གསར་གཏོད་པའི་ཁྲོད་90ནང་སྐྱེས་དང་00ནང་སྐྱེས་ཀྱི་གཞོན་ནུ་ཕྱེད་ཀ་ལྷག་ཙམ་ཟིན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད།

(སྐལ་མཆོག་གིས་བསྒྱུར། དབང་སྒྲོན་སྐྱིད་དང་སྐལ་མཆོག་གིས་ཞུས)