《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月03日

གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁེ་ལས་ཀྱི་བསྡོམས་འབོར་ཁྲི་450ལས་བརྒལ་བ།

2023ལོའི་ལོ་མཇུག་ལས་18%ཙམ་འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་རྩ་འཛུགས་སྒྲིག་གཞི་སྤྱི་ཚོགས་ཡིད་རྟོན་གྱི་གཅིག་གྱུར་ཚབ་ཨང་གཞི་གྲངས་ཞབས་ཞུ་ལྟེ་གནས་ཀྱི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། 2024ལོའི་ཟླ་11པའི་ཟླ་མཇུག་བར། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་ལྟེ་བའི་ཐོན་ལས་ཁེ་ལས་བསྡོམས་འབོར་ཁྲི་457.41ཟིན་ནས་2023ལོའི་ལོ་མཇུག་དང་བསྡུར་ན་17.99%འཕར་ཡོད།

ཐོན་ལས་རིགས་དབྱེ་ནས་བལྟས་ན། ཟླ་11པའི་ཟླ་མཇུག་བར་རང་རྒྱལ་གྱི་གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས་ཁེ་ལས་ཀྱི་གྲངས་འབོར་ཁྲི་216.69དང་། གྲངས་འཛིན་རྒྱུ་རྐྱེན་གཙོ་བོའི་འདེད་སྐུལ་ལས་རིགས་ཁེ་ལས་ཀྱི་གྲངས་འབོར་ཁྲི་196.25 གྲངས་འཛིན་ཐོན་རྫས་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གྲངས་འབོར་ཁྲི་23.63 གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་གྲངས་འབོར་ཁྲི་20.82བཅས་ཟིན་པ་དེ་2023ལོའི་ལོ་མཇུག་དང་བསྡུར་ན་ཁག་སོ་སོར་17.60%དང་། 19.64% 16.70% 8.92% འཕར་ཡོད།

ས་ཁོངས་ཁྱབ་ཚུལ་ནས་བལྟས་ན། ཟླ་11པའི་ཟླ་མཇུག་བར། ཀོང་ཏུང་དང་། ཀྲེ་ཅང་། ཧྲན་ཏུང་ཞིང་ཆེན་གསུམ་གྱི་གྲངས་འཛིན་དཔལ་འབྱོར་ལྟེ་བའི་ཐོན་ལས་ཁེ་ལས་ཀྱི་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་གསུམ་དུ་སླེབས་པ་སྟེ། ཁག་སོ་སོར་ཁྲི་75.35དང་། ཁྲི་44.04 ཁྲི་40.03བཅས་ཡིན་པ་དང་། རྒྱལ་ཡོངས་ཀྱི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཁག་སོ་སོར་16.47%དང་། 9.62% 8.75%ཡིན་པ་དང་། 2023ལོའི་ལོ་མཇུག་དང་བསྡུར་ན་ཁག་སོ་སོར་16.68%དང་། 21.31% 14.69%འཕར་ཡོད།

གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཞེས་པ་ནི་ཐོན་ལས་གྲངས་འཛིན་ཅན་འཕེལ་རྒྱས་ལ་གྲངས་འཛིན་ལག་རྩལ་དང་། ཐོན་རྫས། ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་དང་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་པ་དང་དེ་བཞིན་གྲངས་འཛིན་ལག་རྩལ་དང་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོར་རྦད་དེ་བརྟེན་པའི་དཔལ་འབྱོར་བྱེད་སྒོ་སྣ་ཚོགས་ལ་ཟེར།《གྲངས་འཛིན་དཔལ་འབྱོར་དང་དེའི་ལྟེ་བའི་ཐོན་ལས་བསྡོམས་རྩིས་རིགས་དབྱེ།(2021)》ལྟར་ན། ཁྱབ་ཁོངས་སུ་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་དང་། གྲངས་འཛིན་ཐོན་རྫས་ཞབས་ཞུའི་ལས་རིགས། གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས། གྲངས་འཛིན་རྒྱུ་རྐྱེན་གཙོ་བོའི་འདེད་སྐུལ་ལས་རིགས་བཅས་རིགས་ཆེན་པོ་བཞི་ཚུད་ཡོད།

(པ་ཕན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་ཞུས)