《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月03日

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ།

རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

(2024ལོའི་ཟླ་12ཚེས་30ཉིན)

འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེའི་ཁྲོད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་དང་། ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ཐོན་ཁུངས་གལ་ཆེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་བཅས་ཡིན། 2019ལོའི་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཚུན། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད།

སྔོན་ཐོན་ལ་གཟེངས་བསྟོད་དང་སྲོལ་བཟང་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་རྒྱང་ལམ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་སྔར་བས་ཁྲིད་སྟོན་དང་སྐུལ་མ་གཏོང་ཆེད། ཀྲུང་དབྱང་རྩ་འཛུགས་པུས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་གསེར་གྱི་ལྡེ་མིག་འདུམ་འགྲིག་ལས་དོན་ས་ཚིགས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་སྡེབ་150ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲོད་རྒྱུ་དང་། པེ་ཅིང་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཀྲོའུ་ཧྲུན་ལི་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་450ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མི་སྒེར”

གྱི་མཚན་སྙན་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད།

ད་ཐེངས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ནི་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་སྡེབ་དང་མི་སྒེར་གྱི་ཕུལ་བྱུང་འཐུས་མི་ཡིན། ཁོང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཕུགས་བསམ་དང་དད་སེམས་བློ་རྩ་བརྟན་པོས་སྲུང་བ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་ཟོལ་མེད་བཅས་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་ནས། དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་སྡེབ་དང་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་ཁོང་ཚོར་སློབ་སྦྱོང་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོང་། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། མི་རབས་རྗེས་མར་སེམས་ཁུར་བྱེད་པ་སོགས་ཀྱི་ཐད་ནུས་པ་ཧུར་ཐག་བཏོན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་མཁན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་མཁན། ཆབ་སྲིད་ཁོར་ཡུག་བཟང་པོ་རང་རྟོགས་ངང་སྲུང་སྐྱོང་བྱེད་མཁན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་མཁན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་གཏོང་མཁན་བཅས་བྱེད་དགོས། རང་རྟོགས་ངང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་སྲུང་བ། གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གཅེས་སྤྲས་བྱེད་པ། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་བརྩི་སྲུང་བཅས་བྱེད་དགོས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།

མིག་སྔར། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་གང་ཐུབ་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་མཉམ་སྡེབ་དང་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མི་རྒས་ཀྱང་བློ་ཁ་མཐོ་ཞིང་ངར་ཤུགས་ཆེ་བའི་བདེ་ཐང་གི་སེམས་ཁམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས། ན་སོ་རྒས་ཀྱང་སྙིང་སྟོབས་མི་ཉམས་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མུ་མཐུད་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)