《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月02日

2023ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་འགྲོ་གྲོན་གཏོང་ ཆ་སྒོར་དུང་ཕྱུར་200ལས་ཐོག་མར་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་30ཉིན་ཚན་རྩལ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་2023ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་འགྲོ་གྲོན་གཏོང་ཆའི་གཞི་ཁྱོན་སྒོར་དུང་ཕྱུར་200ལས་ཐོག་མར་བརྒལ་ནས། གྲབས་གསོག་བྱེད་ཚད་སྒོར་དུང་ཕྱུར་215.06ཟིན་པ་དེ་2022ལོ་ལས་12.60%འཕར་བ་དང་། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚན་རིག་ཁྱབ་གདལ་གཏོང་བའི་ཆེད་དོན་འགྲོ་གྲོན་སྒོར་5.76ཟིན་པ་དེ་2022ལོ་ལས་སྒོར་0.46འཕར་ཡོད།

བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྨང་གཞི་བརྟན་དུ་བཏང་བ་དང་ཆབས་ཅིག འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་སྤུས་ཚད་མཐོ་བའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།

ཚན་རྩལ་ཁྱབ་གདལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། 2023ལོར་ཚན་རྩལ་ཁྱབ་གདལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ“ལྟེ་བ་ཆུང་ངུ་དང་མཉམ་ལས་ཆེན་པོ་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་གནས་མང་པོ་ནས་སྐུལ་འདེད་བཏང་བར། ཆེད་བསྐོས་ལས་དོན་པས་གཙོ་བོ་དང་། གཅིག་ལྕོགས་ལས་དོན་པས་ཁ་གསབ། དང་བླངས་པས་རྗེས་གྲབས་ཤེས་ལྡན་པ་བཅས་བྱེད་པའི་རྣམ་པ་ཞིག་གྲུབ་ཅིང་། རྒྱལ་ཡོངས་སུ་ཚན་རིག་ཁྱབ་གདལ་ཆེད་བསྐོས་པ་དང་གཅིག་ལྕོགས་ལས་དོན་པ་ཁྱོན་ཁྲི་215.63ཡོད་པ་དེ་2022ལོ་ལས་7.99% འཕར་ཡོད།

ཚན་རིག་ཁྱབ་གདལ་གཏོང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། རྒྱལ་ཡོངས་ཀྱི་ཚན་རྩལ་ཁང་དང་ཚན་རིག་ལག་རྩལ་རིགས་ཀྱི་རྟེན་མཛོད་ཁང་1779ཟིན་པ་དེ་2022ལོ་ལས་96མང་དུ་ཕྱིན་པ་དང་། འགྲེམས་སྟོན་ཚོམས་ཆེན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་660.03ཟིན་པ་དེ་2022ལོ་ལས་6.04%འཕར་བའི་ཁྲོད། ཚན་རྩལ་ཁང་703དང་ཚན་རིག་ལག་རྩལ་རིགས་ཀྱི་རྟེན་མཛོད་ཁང་1076ཡོད་པ་རེད།

སྤྱི་དམངས་ཚན་རྩལ་བྱེད་སྒོ་སྣ་ཚོགས་སུ་ཧུར་ཐག་ཞུགས་ཤིང་། 2023ལོར་རྒྱལ་ཡོངས་སུ་དྲ་ཐོག་དང་དྲ་ཕྱིར་ཚན་རིག་ཁྱབ་གདལ(ཚན་རྩལ)འཆད་ཁྲིད་ཐེངས་ཁྲི་130.54སྒྲིག་འཛུགས་བྱས་པར། ལྟ་སྐོར་བ་མི་ཐེངས་དུང་ཕྱུར་19.26ཟིན་པ་དང་། དྲ་ཐོག་དང་དྲ་ཕྱིར་ཚན་རྩལ་ཁྱབ་གདལ(ཚན་རྩལ)གྱི་ཆེད་དོན་འགྲེམས་སྟོན་ཐེངས་ཁྲི་10.75བྱས་པར། ལྟ་སྐོར་བ་མི་ཐེངས་དུང་ཕྱུར་5.14 ཟིན་ཡོད། དྲ་ཐོག་ནས་དྲ་ཕྱིར་ཚན་རིག་ཁྱབ་གདལ(ཚན་རྩལ)འགྲན་བསྡུར་ཐེངས་ཁྲི་4.13བྱས་པར་ཞུགས་མཁན་མི་ཐེངས་དུང་ཕྱུར་5.66ཟིན་ཡོད།

དྲ་རྒྱ་ཅན་གྱི་ཚན་རིག་ཁྱབ་གདལ་ལ་ཀུན་གྱིས་དགའ་པོ་བྱེད་བཞིན་ཡོད་སྟབས། དེ་ནི་ཚན་རིག་ཁྱབ་གདལ་བརྒྱུད་སྤེལ་དཔུང་ཁག་ཁྲོད་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པའི་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། 2023ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་རིགས་ཀྱི་དྲ་ཚིགས་2045བསྐྲུན་པ་དང་། ཚན་རིག་ཁྱབ་གདལ་རིགས་ཀྱི་སྐད་འཕྲིན་སྤྱི་རྟགས་9561བཏོད་པར། དོ་སྣང་བྱེད་མཁན་མི་གྲངས་དུང་ཕྱུར་10.45ཟིན་པ་དང་། ཚན་རིག་ཁྱབ་གདལ་རིགས་ཀྱི་དཔོད་ཕྲན་1513བཙུགས་པར། ཧྥེན་སི་མི་གྲངས་དུང་ཕྱུར་2.86ཟིན་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)