ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཧོ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི“མཛེས་སྡུག་ལྡན་པའི་ཧོ་པེ”-ཧོ་པེའི་རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཚེས་28ཉིན་ཤང་ཀང་དུ་འཚོགས་པ་རེད། དེ་ནི“ཤང་ཀང་དང་ཧོ་པེའི་རིག་གནས་ཡུལ་སྐོར་གཟའ་འཁོར”གྱི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཧོ་པེ་དང་ཤང་ཀང་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཧོ་པེའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་ཡིན་པ་རེད།
འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཧོ་པེ་དང་ཤང་ཀང་གི་ཡུལ་སྐོར་ཚོང་ལས་པ་ཁག་4ཡིས་འཐབ་ཇུས་མཉམ་ལས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དང་། ཉིན་དེར“ཧོ་པེའི་རིག་གནས་ཡུལ་སྐོར(ཤང་ཀང)ཁྱབ་གདལ་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་འཚོགས་པ་རེད། “ཤང་ཀང་དང་ཧོ་པེའི་རིག་གནས་ཡུལ་སྐོར་གཟའ་འཁོར”གྱི་རིམ་སྤེལ་བྱེད་སྒོ་དུས་ཡུན་ཉིན་4ཡིན་ཞིང་། “ཡན་ཀྲའོ་ཟློས་གར་གྱི་བཀྲག་མདངས་ཤང་ཀང་དུ་འཚེར་བ”—ཧོ་པེའི་གླུ་གཞས་མཁས་ཅན་དང་གྲགས་ཅན་གྱི་འཁྲབ་སྟོན་དང་། “ཡན་ཀྲའོ་ཡི་བཟོ་བོའི”མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། “དགུན་དུས་ཧོ་པེར་ཡུལ་སྐོར་བྱེད”ཅེས་པའི་པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཧོ་པེའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱས་ཏེ་ཤང་ཀང་གི་གྲོང་མི་དེ་བས་མང་བས་ཧོ་པེའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)