ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ལོ་མང་རིང་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་བརྒྱུད། ཧུའུ་པེ་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་27.2ཟིན་ནས། ཤང་དང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོ། དུད་ཚང་20ཡན་གྱི་རང་བྱུང་གྲོང་ཚོ་བཅས་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་ནས་གྲོང་གསེབ་ས་ཁུལ་གྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
འདི་ནི་གསར་འགོད་པས་ཟླ་12ཚེས་27ཉིན་ཧུའུ་པེ་ཞིང་ཆེན་གྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧུའུ་པེ་ཞིང་ཆེན་གྱིས་ལོ་མང་བསྟུད་མར་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་ཧུའུ་པེ་ཞིང་ཨུད་ཀྱི་ཡིག་ཆ་ཨང་དང་པོའི་ནང་བཀོད་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་དཔྱད་བསྡུར་ཁྱབ་ཁོངས་ནང་བཅུག་པ་རེད།
གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་རྒྱུན་མཐུད་སྣུར་སྲིང་དང་ཤར་གཏོང་ཐུབ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཧུའུ་པེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། འགྲུལ་སྐྱེལ། ཟོག་འདྲེན་ཟོག་འགྲུལ་བཅས“གཞི་གཅིག་ཅན”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་དྲ་རྒྱའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔར“གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང”ཐུབ་ནས་འགྲུལ་ཟོག་དང་། སྐྱེལ་འདྲེན། སྦྲག་སྲིད་བཅས་མཉམ་འདྲེས་འཕེལ་རྒྱས་ནུས་ལྡན་བྱུང་ཡོད་པ་རེད།