མིག་སྔ་ནི་དགུན་གྲོ་དགུན་སྒྲོལ་གྱི་དུས་སྐབས་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཅུས་ནན་རྫོང་ཡན་པིན་གྲོང་རྡལ་ཧྲུའེ་མོ་གྲོང་ཚོའི་མུའུ་1800ལྷག་ཙམ་ཡོད་པའི་ཞིང་ཁའི་ནང་སྔོ་སིལ་སིལ་གྱི་མྱུ་གུ་འབུས་བཞིན་མཆིས།
“སོན་བཏབ་པའི་ཚུན་དུ་དྲོད་ཅུང་ཆེ་བས་ས་ཞིང་མི་ཉུང་བར་གྲོ་སྐྱེ་བཟང་པོ་བྱུང་འདུག”ཧྲན་ཏུང་མཁོ་སྒྲུབ་དེང་རབས་ཞིང་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ཡན་ལག་ཀུང་སིའི་ལུའུ་ཀུང་ཧྥུང་ཧོ་ཀུང་སིའི་དྲ་མིག་པ་ཞུའེ་ལའེ་ཞི་ཡིས་ཞིང་ཁ་ཁ་ཤས་སུ་བསྐྱོད་རྗེས“སྔོན་འགོག་བྱེད་ཐབས་སྤྱོད་པའི་དུས་ལ་སླེབས་འདུག དེ་འདྲ་མ་བྱས་ན་ཉིན་ཤས་སོང་རྗེས་དྲོད་ཚད་དམའ་རུ་སོང་ནས་གྲོ་རྩར་འཁྱགས་པ་ཐེབས་པའི་ཉེན་ཁ་ཡོད”ཅེས་བཤད།
ཧྲན་ཏུང་ཞིང་ཆེན་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་སུ་ཞུའེ་ལའེ་ཞི་ལྟ་བུའི་ཞིང་དུད་ལ་ཞིང་ལས་ཐོན་སྐྱེད་ཀྱི་ཞབས་འདེགས་ཞུ་མཁན་མང་པོ་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སྟབས་བདེ་དང་ནུས་ཆེའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས”ཞེས་བླང་བྱ་བཏོན་ཡོད།
ཧྲན་ཏུང་ཞིང་ཆེན་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལས་དོན་འཚོལ་ཞིབ་ཀྱིས་ཧུར་ཐག་སྤེལ་ཏེ། “ཞིང་པ་ཕྱིར་ལས་མི་བྱེད་པར་སྐྱོད་པ། མཁོ་སྒྲུབ་མཉམ་ལས་ཁང་གིས་ཞིང་པར་ལས་མི་བྱེད་པའི”ཞབས་ཞུའི་སྤུས་རྟགས་བཏོད་ཡོད། ད་ཆ་འདིར་ཞབས་ཞུའི་རྣམ་པ“སླར་ཡང་རིམ་སྤོར”བྱས་པ་སྟེ། ཞིང་ཆེན་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་སུ་ས་ཞིང་མ་རྐང་མཉམ་ལས་དང་བརྒྱུད་རིམ་ཧྲིལ་པོའི་ཚབ་གཉེར་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པ་གསར་པ་འཚོལ་ཞིབ་ཀྱིས་ལག་ལེན་བསྟར་བ་བརྒྱུད་ཞིང་པ་དང་། གྲོང་ཚོའི་མཉམ་སྡེབ། མཁོ་སྒྲུབ་མཉམ་ལས་ཁང་བཅས་ཕྱོགས་གསུམ་མཉམ་ལས་དང་ཕྱོགས་གསུམ་ལ་ཕན་པ་ཐོབ་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཧྲུའེ་མོ་གྲོང་ཚོར་མི་7000ལྷག་ཙམ་ཡོད་པ་དང་མི་རེར་ཆ་སྙོམས་རྨོ་ཞིང་མུའུ་གཅིག་ཀྱང་མེད་པས། གྲོང་ཚོར་སྐབས་ཤིག་རིང་ས་ཞིང་ཐང་རྒོད་དུ་ལུས་པའི་སྣང་ཚུལ་ཐོན་མོད། འོན་ཀྱང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྣམ་པ་གསར་པ་ཐོན་ནས་གནས་ཚུལ་དེར་འགྱུར་ལྡོག་བྱུང་བ་སྟེ། མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་སུ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལས་དོན་འཚོལ་ཞིབ་ཀྱིས་སྤེལ་ཞིང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཧྲུའེ་མོ་གྲོང་ཚོའི་ཏང་ཀྲི་པུས་ཞིང་པར་ས་ཞིང་མ་རྐང་དུ་འཇོག་རྒྱུའི་བསྔགས་སྐུལ་དུས་ཐོག་ཏུ་བྱས་ནས་ས་ཞིང་མ་རྐང་མཉམ་ལས་ཁང་བཙུགས་པ་དང་། ལུའུ་ཀུང་ཧྥུང་ཧོ་ཀུང་སིས་མཉམ་ལས་ཁང་ལ་བརྒྱུད་རིམ་ཧྲིལ་པོའི་ས་ཞིང་ཚབ་གཉེར་ཞབས་ཞུ་མཁོ་འདོན་བྱས་པ། “ཁེ་བཟང་འགན་ལེན་དང་ཁེ་ལྷག་བགོ་འགྲེམས”ཀྱི་བགོ་བཤའི་ལམ་སྲོལ་ལག་བསྟར་བྱས་ཡོད།
ས་ཞིང་འདི་དག་ཇི་ལྟར་བྱས་ནས་དོ་དམ་ཡག་པོ་བྱེད་དགོས་སམ། ཆེད་ལས་ཅན་གྱི་ཚན་རིག་དོ་དམ་སྒང་ལ་སོན་བཟང་དང་། དུས་ཚོད་ཡག་པོ། ཐབས་ཤེས་ཡག་པོ་བཅས་ཡོད་པར་བྱེད་རྒྱུ་ནི་འགག་རྩ་རེད།
“ས་ཞིང་ཚབ་གཉེར་གྱི་ལེགས་ཆ་ཆེ་ཤོས་ནི་ཆེད་ལས་ཅན་རེད། ང་ཚོས་ཆེད་ལས་ཞབས་ཞུའི་དཔུང་ཁག་ལ་བརྟེན་ནས་ཞིང་ལས་སྒྲིག་ཆས་གསར་པ་བཀོད་སྒྲིག་དང་བེད་སྤྱོད་བྱས་ཏེ། ལག་རྩལ་གསར་པ་དང་། སོན་རིགས་གསར་པ། འདེབས་སྟངས་གསར་པ་བཅས་ཐད་ཀར་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་སྤྱོད་ཆོག”ཅེས་ལུའུ་ཀུང་ཧྥུང་ཧོ་ཀུང་སིའི་འགན་འཁུར་བ་ཧུའུ་ཙུན་ཧྥང་གིས་ངོ་སྤྲོད་བྱས་པ་རེད།
གྲུ་བཞི་ཡུག་སྦྲེལ་གྱི་ས་ཞིང་ཐད་ཞིང་འཕྲུལ་ཆེ་གྲས་སྤྱད་ཚེ་འདེབས་འཛུགས་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ་པ་དང་། ཚད་འཇལ་རིག་ནུས་ལུད་སྦྱོར་བྱས་ཚེ་མུའུ་རེ་ནས་ལུད་སྤྱོད་ཚད་15%ནས་20%བར་ཉུང་དུ་གཏོང་ཐུབ་པ། གནོད་འབུ་འགོག་བཅོས་ཐད་མི་མེད་གནམ་གྲུ་སྤྱད་ཚེ་ཉིན་རེར་མུའུ་500བཀོལ་སྤྱོད་ཐུབ་པ། ཞིང་སྨན་སྤྱོད་ཚད་20%ཉུང་དུ་ཕྱིན་ནས་འགོག་བཅོས་ནུས་ལྡན་ཡོང་ཚད་96%ལས་བརྒལ་རྒྱུ་ཡིན་པ་ལ་སོགས། ཆེད་ལས་ཀྱི་ལག་རྩལ་ཞབས་ཞུའི་དཔུང་ཁག་ཕུད། ལུའུ་ཀུང་ཧྥུང་ཧོ་ཀུང་སིས་ད་དུང་དྲ་མིག་པའི་དཔུང་ཁག་བཙུགས་ཤིང་། མི་རེས་ས་ཞིང་མུའུ་300ཡས་མས་ལ་དོ་དམ་བྱེད་འགན་འཁུར་ནས་ཞིང་ཁའི་གནས་ཚུལ་དང་། ལྗང་པ་སྐྱེ་འཚར་གྱི་གནས་ཚུལ། གནོད་འབུའི་གནས་ཚུལ་བཅས་འཕྲལ་མར་ཚུར་ལན་བྱེད་ཀྱི་ཡོད།
ཞིང་པས་ཞབས་ཞུའི་རྣམ་པ་གསར་པ་དེ་རིགས་ཁས་ལེན་བྱས་པ་དེ་ཚབ་གཉེར་ས་ཆའི་རྒྱ་ཁྱོན་ལ་འགྱུར་ལྡོག་འགྲོ་བ་ནས་ཐད་ཀར་མཚོན་གྱི་ཡོད། ཧྲུའེ་མོ་གྲོང་ཚོའི་ཚབ་གཉེར་ས་ཞིང་ཐོག་མའི་མུའུ་260ནས་མིག་སྔའི་མུའུ་1800ལྷག་ཙམ་ལ་མང་དུ་ཕྱིན་ཡོད་ལ་ཕན་འབྲས་ཀྱང་གསལ་པོར་མཐོང་ཐུབ་པ་ཞིག་རེད། ས་ཞིང་གཅིག་སྡུད་བྱས་རྗེས་ཞིང་ཁ་ཆུང་ངུ་ཆེན་པོར་གྱུར་ཞིང་། མིག་སྔར་བསྟུད་མར་འདེབས་འཛུགས་དུས་ཚིགས་བརྒྱད་རིང་ཁེ་སྤོགས་བགོ་འགྲེམས་བྱུང་ཡོད།
(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)