《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月30日

ང་ཚོས་མཉམ་དུ་སྤོ་བོ་ཞི་ལགས་ལ《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་ལེན་གྱི་ཡིན།

ཨ་སྨིར་ཧན་གྱིས།

འདི་ནི་ཨ་སྨིར་ཧན་ཡུན་ནན་ཁུན་མིང་དུ“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆུང་སློབ་མའི་རྒྱ་སྐད་ངོམ་སྟོན་བྱེད་སྒོ་སྐབས་གསུམ་པར་ཞུགས་པའི་རྣམ་པ་ཡིན་པ།

འདི་ནི་ཟླ་7ཚེས་2ཉིན། ཧ་སག་སི་ཐན་གྱི་བྱིས་པ་ཚོས་ཨ་སི་ཐ་ན་གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་རྣམ་པ་ཡིན་པ།

འདི་ནི་ཀྲུང་གོའི་ཁེ་ལས་མ་འཇོག་འཛུགས་སྐྲུན་ནང་ཞུགས་པའི་ཧ་སག་སི་ཐན་གྱི་ཞེ་ལེ་ཁེ་རླུང་གློག་ཐང་ཡིན་པ།

“སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ། རྒྱལ་ཁའི་གླུ་དབྱངས་ཅི་འདྲའི་སྙན། ང་ཚོའི་བརྩེ་བའི་མེས་རྒྱལ་ད་ནས་བཟུང་སྟོབས་འབྱོར་མངའ་ཐང་ལྡན་པའི་ཕྱོགས་སུ་བསྐྱོད་པར་བསྟོད་གླུ་ལེན”ཉེ་ཆར། ནམ་རྒྱུན་དུ་ངས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་རྒྱ་སྐད་ཀྱི་གླུ་གཞས་འདི་ལེན་སྐབས་མི་སེམས་འགུལ་བའི་ཉིན་མོ་དེ་དྲན་ཡོང་གི་འདུག

འདི་ལོའི་ཟླ་7ཚེས་2ཉིན། སྤོ་བོ་ཞི་ཅིན་ཕིང་ལགས་གྲོང་ཁྱེར་ཨ་སི་ཐ་ནར་འབྱོར་བའི་ཉིན་དེར་ང་དང་རོགས་པ་ཆུང་ཆུང་བཅུ་གྲངས་ཁ་ཤས་སྔ་ས་ནས་གནམ་ཐང་གི་སྐུ་མགྲོན་ཐོག་ཁང་གི་ཚོམས་ཆེན་དུ་ཕེབས་བསུར་ཡོང་བ་ཡིན།

སྤོ་བོ་ཞི་ལགས་སྐུ་མགྲོན་ཐོག་ཁང་གི་ཚོམས་ཆེན་དུ་ཕེབས་སྐབས་ང་ཚོས་རྒྱ་སྐད་ཐོག་ནས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་བླངས་པ་ཡིན། སྤོ་བོ་ཞི་ལགས་ཀྱིས་ཕེབས་མཚམས་བཞག་ནས་ཞལ་འཛུམ་དམུལ་དམུལ་ངང་ང་ཚོའི་གླུ་གཞས་གསན། དང་ཐོག་ཅུང་དངངས་འཚབ་ཆེ་བའི་དབང་གིས་ཐོག་མའི་སྒྲ་གདངས་དེ་མཐོ་ཙམ་ཤོར་སོང་། གཞས་ཆ་ཚང་བཏང་ཚར་རྗེས། སྤོ་བོ་ཞི་ལགས་ཀྱིས་ང་ཚོར་ཐལ་མོ་རྡེབ་གནང་བ་མ་ཟད་ད་དུང་བསྔགས་བརྗོད་ཀྱང་གནང་བས་ང་ཚོའི་དངངས་སྐྲག་གི་སེམས་པ་ཡང་གཞི་ནས་ལྷོད་ལ་བབས་བྱུང་།

སྐབས་དེ་དུས་ང་འཐུས་མི་གཉིས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཁོང་གི་མདུན་དུ་བསྐྱོད་དེ་རྒྱ་སྐད་ཀྱི་ཐོག་ནས་སྤོ་བོ་ཞི་ལགས་ལ“སྤོ་བོ་ཞི་ལགས། ངའི་མིང་ལ་ཨ་སྨིར་ཧན་ཟེར་གྱི་ཡོད། ད་ལོ་ལོ་10ཡིན། ངས་ཁྱེད་རང་ཨ་སི་ཐ་ནར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་ཡིན། སྤོ་བོ་ཞི་ལགས་ནི་ཅི་འདྲའི་གཤིས་ཀ་འཇམ་པ་ལ་ཨང་། ཁོང་གིས་ང་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ད་དུང་ང་ཚོས་རྒྱ་སྐད་ཚད་ལྡན་རྒྱག་གི་འདུག་ཅེས་བསྔགས་བརྗོད་ཀྱང་གནང་བྱུང་། ངས་སྤོ་བོ་ཞི་ལགས་ལ་ང་ནི་ཨ་སི་ཐ་ནར་སྐྱེས་པ་ཞིག་ཡིན། མ་འོངས་པར་ཀྲུང་གོའི་ཆིང་ཧྭ་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་འདོད་ཡོད་ཅེས་བཤད་པར། སྤོ་བོ་ཞི་ལགས་ཀྱིས་དགྱེས་ཚོར་ཆེན་པོ་སླད་ཕྱིན་སློབ་ཆེན་ཡག་པོ་ཞིག་ཏུ་འགྲོ་དགོས་ཞེས་སྐུལ་ལྕག་གནང་བ་དང་སྦྲགས། “ཁྱེད་ཚོ་ཀྲུང་གོར་བསྐྱོད་དེ་སློབ་ཆེན་འགྲིམས་པར་དགའ་བསུ་ཞུ”ཞེས་གསུངས་བྱུང་། ངས་ཚང་མའི་ཚབ་ཞུས་ནས་སྤོ་བོ་ཞི་ལགས་ལ“སྤོ་བོ་ཞི་ལགས་ཐུགས་རྗེ་ཆེ། ང་ཚོ་ཁྱེད་ལ་དགའ་པོ་ཡོད”ཅེས་བཤད་པ་ཡིན།

ད་རེས་སྤོ་བོ་ཞི་ལགས་འཇལ་བའི་དུས་ཡུན་ཐུང་ཡང་བརྗེད་པར་དཀའ་བའི་མཉམ་འགུལ་ཐུབ་པ་འདི་ནི་ང་ཚོ་གྲོགས་པོ་ཆུང་ཆུང་ཚང་མའི་ཉིན་དེའི་གཟི་བརྗིད་ཅིག་ཏུ་གྱུར་ཡོད། ད་ལྟ་ཡང་ཉིན་དེའི་གནམ་ཐང་གི་གནས་ཚུལ་ཕྱིར་དྲན་བྱས་ན་ང་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག སྤོ་བོ་ཞི་ལགས་ནི་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་ཅིག་རེད། ངས་སྤོ་བོ་ཞི་ལགས་ལ་གླུ་གཞས་བླངས་མྱོང་བ་མ་ཟད་ད་དུང་ཁོང་དང་སྐད་ཆ་ཡང་བཤད་མྱོང་བ་འདི་ནི་ཅི་འདྲིའི་གཟི་བརྗིད་ཅིག་རེད་ཨང་།

ང་དང་ཀྲུང་གོ་དང་སྤོ་བོ་ཞི་ལགས་དབར་གྱི་ལས་འབྲེལ་འདི་ཁོ་ན་ཙམ་ག་ལ་ཡིན། 2013ལོའི་ཟླ་9ཚེས་22ཉིན། ང་གྲོང་ཁྱེར་ཨ་སི་ཐ་ནར་སྐྱེས། ང་མ་སྐྱེས་གོང་གི་ཟླ་བ་ཕྱེད་ཙམ་དུ་སྤོ་བོ་ཞི་ལགས་ཀྱིས་ཨ་སི་ཐ་ནར《མི་དམངས་ཀྱི་མཛའ་བརྩེ་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད》ཅེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ། “དར་གོས་ལམ་བུའི་དཔལ་འབྱོར་ཁུལ”མཉམ་དུ་འཛུགས་སྐྲུན་བྱ་རྒྱུ་ཐེངས་དང་པོར་བཏོན་གནང་ཞིང་། ཧ་སག་སི་ཐན་ཡང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཐོག་མར་འདོན་ཡུལ་དུ་གྱུར་པ་རེད།

ང་རང་ལོ་དྲུག་ལ་སླེབས་པའི་ལོ་དེར། ཨ་མས་ང་ལ་དབྱིན་ཡིག་དང་། སི་ཕེན་གྱི་ཡི་གེ རྒྱ་ཡིག་སོགས་ཕྱི་རྒྱལ་གྱི་སྐད་ཡིག་མང་པོ་སྦྱང་དུ་བཅུག་མོད། ང་རྒྱ་ཡིག་སྦྱོང་བར་དགའ་པོ་ཡོད། གཟའ་འཁོར་རེའི་རྒྱ་ཡིག་སྦྱོང་བའི་དུས་ཚོད་ཆུ་ཚོད་གསུམ་པོ་དེ་ནི་ང་རང་སྐྱིད་ཤོས་ཀྱི་དུས་ཡིན། ན་ནིང་ཟླ་བ་བཅུ་པར། ངས་ཧ་སག་སི་ཐན་འགྲན་ཁུལ་གྱི་སློབ་ཆུང་སློབ་མའི་བདམས་ཐོན་པའི་ཚབ་ཞུས་ནས་ཀྲུང་གོའི་ཡུན་ནན་ཁུན་མིང་དུ་བསྐྱོད་དེ“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆུང་སློབ་མའི་རྒྱ་སྐད་ངོམ་སྟོན་བྱེད་སྒོ་སྐབས་གསུམ་པར་ཞུགས་པ་ཡིན། དེ་ནི་ང་ཀྲུང་གོར་བསྐྱོད་ཐེངས་དང་པོ་ཡིན། མ་བསྐྱོད་གོང་གི་ལོ་ཕྱེད་ནས་བཟུང་ངས་དུས་ཚོད་ལྡོག་རྩིས་བརྒྱབ་པ་ཡིན། ཀྲུང་གོར་བསྐྱོད་པའི་སྔ་ཉིན་གྱི་དགོང་མོར་ང་རང་དགའ་ཐག་ཆོད་ནས་གཉིད་ཀྱང་ཁུག་མ་བྱུང་། ཁུན་མིང་དུ་བསླེབས་རྗེས། ངས་གོ་ལ་ཧྲིལ་པོའི་ས་གནས་ཁག་ནས་ཡོང་བའི་གྲོགས་པོ་མང་པོ་ངོ་ཤེས་པ་མ་ཟད། སྔོན་ཆད་དཔེ་དེབ་དང་བརྙན་འཕྲིན་ནང་མཐོང་མྱོང་བའི་ཀྲུང་གོའི་ཞིམ་ཟས་སྣ་ཚོགས་ཀྱང་ཟ་རྒྱུ་བྱུང་།

མི་རྒན་པ་ཚོས་རྟག་ཏུ“ཨ་སྨིར་ཧན། ཁྱོད་ཆེན་པོ་ཆགས་རྗེས་ག་རེ་བྱེད་འདོད་ཡོད”ཅེས་དྲིས་པར་ང་སྤོ་བོ་ཞི་ལགས་ཀྱི་མངགས་ཆ་ལྟར་ཀྲུང་གོར་བསྐྱོད་དེ་ཆིང་ཧྭ་སློབ་ཆེན་འགྲིམས་རྒྱུ་ཡིན། རྒྱ་ཡིག་སློབ་སྦྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་སྔོན་ཐོན་གྱི་ཚན་རིག་ཤེས་བྱ་མང་པོ་སྦྱངས་རྗེས་ཕྱིར་ལོག་ནས་ཧ་སག་སི་ཐན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཆབས་ཅིག ཧ་སག་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད། འབྱུང་འགྱུར་གྱི་འཛམ་གླིང་ནི་སྤོ་བོ་ཞི་ལགས་ཀྱིས་གསུངས་པའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ”ཇི་བཞིན་དམག་འཁྲུག་དང་། བཀྲེས་ལྟོགས། དབུལ་ཕོངས་བཅས་མེད་པའི་དྲང་གཞག་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཡིན་པས་མིའི་རིགས་དབར་མཐུན་སྒྲིལ་དང་། རོགས་རེས། མཛའ་བརྩེ་བཅས་ཀྱིས་ཁེངས་རྒྱུ་རེད། ང་ཚོས་དེ་ལྟ་བུའི་མཛེས་སྡུག་ལྡན་པའི་འཛམ་གླིང་གི་ཆེད་དུ་མཉམ་དུ་འབད་འཐབ་བྱེད་དགོས།

(རྩོམ་པ་པོ་ནི་ཧ་སག་སི་ཐན་ཡོ་རོབ་དང་ཨེ་ཤེ་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་གི་སློབ་མ་ཡིན)

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)