འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ལོ་36གི་རིང་ངའི་སྦག་སྦག་5སྐྱོན་ཤོར་བ་དང་། སྦྲག་སྐྱེལ་རས་ཁུག་160ལྷག་ཙམ་ཟད་ཏོར་གྱུར་པ། ལྷམ་ཆ་560ལྷག་ཙམ་རལ་སོང་།……འོན་ཀྱང་ངས་མུ་མཐུད་སྦྲག་སྐྱེལ་ལས་ཀ་འདི་ཡག་པོ་བྱེད་ཀྱི་ཡིན”ཞེས་ཡུན་ནན་རྒྱལ་མོ་རྔུལ་ཆུ་ནས་ཡིན་པའི་སྦྲག་སྐྱེལ་བ་བཟང་རྣམ་ཚེས་བཤད་མ་ཐག་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་གྲགས།
འདི་ནི་ཚེས་27ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བྱས་རྗེས་སྙན་ཞུའི་ཚོགས་འདུའི་རྣམ་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག 2024ལོར་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ཁྲོད་ཀྱི་སྙན་ཞུ་བ་8ཀྱིས་ཏང་ལ་བློ་དཀར་སེམས་དཀར་དང་། མཐུན་སྒྲིལ་འབད་འཐབ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནང་ཞུགས་པ་བཅས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་བརྩེ་སེམས་ཟབ་མོས་བརྗོད་པ་རེད།
“ལོ་24ཡི་རིང་། ང་ཚོས་ཕྲུ་གུ་9000ལྷག་ཙམ་ལ་སློབ་གྲྭ་ཆ་ཚང་འགྲིམ་རོགས་བྱས་པ་དང་ཕྲུ་གུ་370ལྷག་ཙམ་གྱི་སློབ་ཆེན་འགྲིམ་པའི་ཕུགས་འདུན་འགྲུབ་རོགས་བྱས་ནས་མི་རིགས་ཁག་གི་དགེ་སློབ་དབར་མཛའ་གྲོགས་ཟབ་མོ་ཆགས་ཡོད”ཅེས་ཧོ་པེ་པའོ་ཏིང་སློབ་གླིང་ཆི་མོའོ་སློབ་སྐྱོར་ཞབས་ཞུའི་རུ་ཁག་གི་དགེ་རྒན་ལི་ཀུའེ་ཀྲི་ཡིས་ཁོང་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ་ཤིན་ཅང་ཆི་མོའོ་རྫོང་དུ་གཞི་ཚུགས་ནས་དགེ་རྒན་བྱས་པའི་གཏམ་རྒྱུད་བརྗོད།
གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་ཇི་ལྟར་སྒྲུབ་དགོས་སམ། ཧྲང་ཧའེ་ནས་ཡོང་བའི་ས་འོག་ལྕགས་ལམ་བབས་ཚུགས་ཀྱི་ཀྲེན་ཀྲང་ཞུང་ཞུང་གིས་འདྲ་པར་ཞིག་གི་ཐོག་ནས་མི་རིགས་ཁག་གི་གཞོན་ནུས“ས་འོག་ལྕགས་ལམ་གྱི་སློབ་ཁང་ཆུང་ངུར”བསྐྱོད་དེ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ནས་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལག་ལེན་ངོ་སྤྲོད་བྱས་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ས་འོག་ལྕགས་ལམ་གྱི་མི་དམངས་ཐང་ཆེན་འབབ་ཚུགས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་གཡུལ་སར་བཏོད་པའི་ཉམས་མྱོང་མཉམ་སྤྱོད་ཀྱང་བྱས་པ་རེད།
སྙན་ཞུ་བ་8ཚང་མ་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། ཁོང་ཚོས་བརྩེ་བ་ཟབ་ལ་བབ་ཆགས་པའི་སྙན་ཞུ་བྱས་པར་ལྟད་མོ་བ་ཚོའི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པའི་ཐད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོའི་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ་མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྐྱོད་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་དེ་བས་སྣང་ཆེན་བྱས་ཏེ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།
སྙན་ཞུའི་ཚོགས་འདུ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གཞུང་ལས་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མིག་དཔེའི་ཁྲིད་སྟོན་ནུས་པ་གང་ལེགས་འདོན་རྒྱུ་དེ་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)