《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月30日

དུས་ཚིགས་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དམིགས་ཚད་གཙོ་བོ་འཕར་བའི་རྣམ་པ་མངོན་གསལ་དོད་པ།

སང་ལོར་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་སྒོར་དུང་ཕྱུར་3000ཙམ་དམའ་རུ་འགྲོ་བཟོ་ཡོད་པ།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ནི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་། སྣེ་ཁྲིད་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་ཐོན་ལས་ཤིག་རེད། འདི་ལོ་ནས་བཟུང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་གྲུབ་འབྲས་གསར་པ་གང་དག་ཐོབ་པ་དང་། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་འཕེལ་རིམ་གང་འདྲ་ཡོད་དམ།

ཟླ་12ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས”ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུ་ཐེངས་དང་པོར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ལ་དམིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ལི་དབྱང་སོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཡང་བཏབ་པ་རེད།

འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་བ།

“2024ལོར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཁྲོད་ཡར་འཕེལ་བྱུང་བས། ལས་རིགས་འཕེལ་རྒྱས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཚོགས་འདུའི་ཐོག་ལི་དབྱང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“གྲུབ་འབྲས་རེའུ་མིག”བཏོན་པ་སྟེ།

ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་སོང་ཞིང་། འདི་ལོ་ནས་བཟུང་རང་རྒྱལ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ནས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་645ཙམ་ལེགས་གྲུབ་བྱུང་བ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་1.8ཙམ་ཟིན་པ་དེ་དུས་མཚུངས་ལས་5.2%ཡས་མས་འཕར་བ་དང་། ལས་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར་565ཙམ་ལེགས་གྲུབ་བྱུང་བ་དང་། ཉིན་རེར་ཆ་སྙོམས་ཏུན་དུང་ཕྱུར་1.5ཙམ་ཟིན་པ་དེ་དུས་མཚུངས་ལས་3.5%ཡས་མས་འཕར་ཡོད་པ་རེད། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་སླར་གསོ་བྱུང་བ་དེས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་ཆེན་པོ་ཐོན་ནས་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

རྨང་གཞི་སྔར་བས་བརྟན་དུ་སོང་ཞིང་། ལོ་གཅིག་རིང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྣ་མང་འགྲིམ་འགྲུལ་དྲ་རྒྱའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། རང་རྒྱལ་གྱི་ཕྱོགས་བསྡུས་སྣ་མང་འགྲིམ་འགྲུལ་དྲ་རྒྱའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་600ལས་བརྒལ་བ་དེའི་ནང་སྔོན་དཔག་བྱས་ན་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་16ལས་བརྒལ་བ་དང་། མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་4.6ལས་བརྒལ་བ། མྱུར་བགྲོད་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་19ལྷག་ཙམ་ཟིན་པ་བཅས་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལྷག་པར་དུ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྣ་མང་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོའི“འཁོར་རྟེན་6དང་། བར་ཁྱམས་7 བགྲོད་ལམ་8”ཀྱི་བསྐྲུན་ཟིན་པའི་ལམ་ཐིག་གི་ལམ་ཐག་སྤྱི་ལེ་ཁྲི་26ལས་བརྒལ་བ་དང་བསྐྲུན་ཚད་90%ཙམ་ཟིན་པ་དེ་ཐོག་ནས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད།

འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་སོང་ཞིང་། སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཆབས་ཅིག དུས་ཚིགས་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དམིགས་ཚད་གཙོ་བོ་འཕར་བའི་རྣམ་པ་མངོན་གསལ་དོད་པ་དང་། ཟླ་11པར་ཟོག་འདྲེན་དང་གྲུ་ཁའི་དངོས་ཟོག་འདོན་འཇུག་འཕར་ཚད་མགྱོགས་སུ་ཕྱིན་པ་དེ་དུས་མཚུངས་ལས་4.2%དང་3.7%སོ་སོར་འཕར་ཡོད་པ་རེད།

གྲུ་ཁའི་འཁོར་སྐྱོད་ཀྱི་གྲངས་འབོར་དང་སྤུས་ཚད་མཉམ་འཕར་བྱུང་བ།

ཟླ་12ཚེས་22ཉིན་ཧྲང་ཧའེ་གྲུ་ཁའི་ལོ་རེའི་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི་5000ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གྲུ་ཁའི་ལོ་རེའི་དོས་སྒམ་འདོན་འཇུག་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། རང་རྒྱལ་གྱི་གྲུ་ཁའི་ཞབས་ཞུའི་ནུས་པ་མཆོང་སྐྱོད་གསར་པ་བྱུང་བ་ཡང་མཚོན་གྱི་ཡོད་པ་རེད།

“རྨང་གཞིའི་རང་བཞིན་དང་། ལྟེ་བའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པའི་གྲུ་ཁ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན” ལི་དབྱང་གིས་ངོ་སྤྲོད་བྱས་པར། ད་ལོ་ཚུན་དུ་རང་རྒྱལ་གྱི་གྲུ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་འབྲས་རབ་དང་རིམ་པ་ཐོན་ཡོད།

གྲུ་ཁའི་འཁོར་སྐྱོད་ཀྱི་གྲངས་འབོར་དང་སྤུས་ཚད་མཉམ་འཕར་བྱུང་བ་དང་། མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་སྐབས་མཐོ་རིམ་གྱི་འཁོར་སྐྱོད་རྒྱུན་འཁྱོངས་བྱུང་བ། ཕྱོགས་བསྡུས་ལྟེ་གནས་ཀྱི་བྱེད་ནུས་མུ་མཐུད་ཇེ་ཆེར་སོང་བ། ལྗང་མདོག་རིག་ལྡན་གྱི་ཕྱོགས་སྒྱུར་གོམ་སྟབས་མགྱོགས་སུ་ཕྱིན་པ་བཅས་རེད།

ལི་དབྱང་གིས“གོམ་སྟབས་རྗེས་མར་ང་ཚོས་འཛམ་གླིང་གི་གྲུ་ཁ་རྩེ་གྲ་འཛུགས་སྐྲུན་བྱེད་པའི་ལས་འགན་དེར་མུ་མཐུད་དོ་ཁུར་བྱས་ཏེ། གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད།

སང་ལོར་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་10.5གསར་སྐྲུན་དང་བསྐྱར་སྐྲུན་བྱེད་རྩིས་ཡོད་པ།

“2023ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་460ཟིན་པ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་ཡོད། གྲོང་གསེབ་གཞུང་ལམ་སྐྲུན་པ་དེས་གྲོང་གསེབ་འཕེལ་རྒྱས་ལ་མི་རྒྱུ་མང་དུ་སོང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྒུལ་ཤུགས་སྔར་བས་འདང་ངེས་བྱུང་ཡོད། གོམ་སྟབས་རྗེས་མར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཞུང་ལམ་བདག་སྐྱོང་དང་གཉེར་སྐྱོང་། དེ་བཞིན་མཉམ་འདྲེས་འཕེལ་རྒྱས་སོགས་ལ་ནུས་ཤུགས་གཙོ་བོ་འདོན་གྱི་ཡིན”ཞེས་ལི་དབྱང་གིས་ཞེས་བཤད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ས་གནས་ཁག་ལ་གཞུང་ལམ་རྒྱུད་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གློག་གསོག་སྒྲིག་བཀོད་གཉེར་སྐྱོང་སྲུང་སྐྱོང་དང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། 2025ལོའི་ལོ་མཇུག་གོང“གཏན་འཇགས་སྒྲིག་བཀོད་གཙོ་བོར་བྱེད་པ་དང་། སྒུལ་བདེའི་སྒྲིག་བཀོད་ཁ་གསབ་བྱེད་པ། མཚམས་ཚིགས་གལ་ཆེན་ཡོངས་སུ་ཁྱབ་པ། གཉེར་སྐྱོང་སྲུང་སྐྱོང་གི་ཞབས་ཞུ་ལེགས་པ། མང་ཚོགས་འགྲོ་སྐྱོད་ལ་འགན་ལེན་ཡོད་པ”བཅས་ཀྱི་གཞུང་ལམ་རྒྱུད་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆར་ཆགས་པ་དང་། གཞུང་ལམ་རྒྱུད་ཀྱི་ཞབས་ཞུའི་འགན་ལེན་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་མང་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་བར་ཞབས་འདེགས་སྔར་བས་ལེགས་པ་ཞུ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་ཀྱི་ཡིན་པ་རེད།

(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)