《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月29日

ཉེ་བའི་ལོ་གཉིས་ནང་ཀྲུང་གོས་ལོ་རེར་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཏུན་ཁྲི་གཉིས་ཙམ་ནང་འདྲེན་བྱེད་པ།

ཀྲུང་གོའི་ཁྲོམ་ར་ཆེན་པོ་ལས་ཨ་ཧྥེ་རི་ཁར་གོ་སྐབས་ཆེན་པོ་ཐོབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཞའོ་ཞའོ།

འདི་ནི་ཀོག་ཧྥེ་འདེབས་འཛུགས་གླིང་དུ་ལས་དོན་པས་ཀོག་ཧྥེ་ཡི་སྡོང་ཕྲུག་ལ་གཡོག་བྱེད་བྱེད་བཞིན་པ།

འདི་ནི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་ཀོག་ཧྥེ་ཐོན་ལས་འགྲེམས་ཁང་དུ་ཨེ་ཙེ་ཨོ་ཕི་ཡའི་ཚོང་པ་ཞིག་གིས་ཀོག་ཧྥེ་བཟོ་བཞིན་པ།

འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ལྷོ་རྒྱུད་ཀྱི་ཏེ་པེ་ཁཱ་ཀོག་ཧྥེ་འདེབས་འཛུགས་གླིང་ཡིན་པ།

ཨེ་ཙེ་ཨོ་ཕི་ཡར་སྔར་ནས་བཟུང“ཀོག་ཧྥེ་ཡི་ཕ་ཡུལ”ཞེས་འབོད་སྲོལ་ཡོད་ཅིང་། དེ་ནི་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཀོག་ཧྥེ་ཐོན་སྐྱེད་བྱ་ཡུལ་ཆེ་ཤོས་དེ་ཡིན་ལ་འཛམ་གླིང་ཐོག་གི་ཀོག་ཧྥེ་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་ཨང་ལྔ་པ་དེའང་རེད། མེ་ཏོག་གི་དྲི་ཞིམ་དང་ཨ་རག་གི་དྲི་ཞིམ་ནས་ཤིང་ཏོག་གི་དྲི་ཞིམ་བར། དྲི་ཞིམ་སྣ་མང་དང་། བྲོ་བ་ཕུན་སུམ་ཚོགས་པ། སྤུས་ཚད་ལེགས་པ་བཅས་ཀྱི་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་འཛམ་གླིང་དུ་སྐད་གྲགས་ཆོད་ཡོད། ཉེ་བའི་ལོ་ཤས་རིང་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ལ་ཀྲུང་གོའི་ན་གཞོན་འཛད་སྤྱོད་པའི་དགའ་བསུ་ཐོབ་ཅིང་། 2023ལོའི་ཟླ་10པར་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་བླང་བྱ་དང་མཐུན་པའི་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་སྲན་མ་ནང་འདྲེན་བྱེད་དུ་བཅུག་པ་ལས་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྐུལ་ཁྲིད་ཆེན་པོ་ཐུབ་ཡོད།

ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་ཆེ་མོ་བ་ཐ་ཧྥེ་ལཱ·ཏེ་པེ·དབྱི་མཱ་མུའུ་ཡིས“ད་ཆ་ཀྲུང་གོ་འདི་ཉིད་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ནང་འདྲེན་རྒྱལ་ཁབ་གཙོ་བོའི་གྲས་སུ་གྱུར་ཡོད། ཀྲུང་གོའི་ཀོག་ཧྥེ་ཁང་དང་ཟ་ཁང་ནས་ཕ་ཡུལ་གྱི་ཀོག་ཧྥེ་འཐུང་ཐུབ་པ་དང་ཀྲུང་གོའི་སྒོ་རྩིས་ཚོང་ཁང་དུའང་རྒྱུན་དུ་ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་ཐོན་རྫས་གཞན་དག་འཚོང་རྒྱུ་ཡོད། ཨེ་ཙེ་ཨོ་ཕི་ཡའི་ཐོན་རྫས་ལ་ཀྲུང་གོའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་མཐོང་སྐབས་ང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།

ཤིས་ཀུའུ་ཅི་ཆུས་ཀེ་ལོར་ཁྲ་གྲོང་ཚོའི་ཀོག་ཧྥེ་འདེབས་འཛུགས་མཁན་ཙེ་ལཱ་ལེ་མུའུ་ཡིས“ཉེ་བའི་ལོ་ཤས་རིང་། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཡིས་ཀྲུང་གོའི་ཁྲོམ་ར་སྔར་བས་འབྱེད་པ་དེ་ང་ཚོའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། ཁ་ཁྲེན་ཧྲི་ཀུང་སིས་གྲོང་མི་ཚོར་ཀོག་ཧྥེ་ཡི་སྡོང་ཕྲུག་དང་འདེབས་འཛུགས་ལག་རྩལ་གསོ་སྦྱོང་སོགས་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། ད་ཆ་ངའི་ཀོག་ཧྥེ་འདེབས་འཛུགས་ཀྱི་ཐོན་ཚད་དང་ཡོང་འབབ་མཉམ་ལས་མ་བྱས་གོང་ལས་ལྡབ་གཅིག་འཕར་ཡོད”ཅེས་བཤད། ན་ནིང་ཙེ་ལཱ་ལེ་མུའུ་ཡིས་འདེབས་འཛུགས་གླིང་དུ་ཀོག་ཧྥེ་ཡི་སྡོང་ཕྲུག་རྐང་400བཏབ་ནས་འདི་ལོ་ཡོང་འབབ་དེ་བས་མང་བ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།

འདི་ལོའི་ཟླ་5པར་2024ལོའི་ཁུན་ཧྲན་རྒྱལ་སྤྱིའི་ཀོག་ཧྥེ་ཐོན་ལས་འགྲེམས་སྟོན་ཅང་སུའུ་ཞིང་ཆེན་ཁུན་ཧྲན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཨེ་ཙེ་ཨོ་ཕི་ཡས་ཀོག་ཧྥེ་ཁེ་ལས་59ལས་གྲུབ་པའི་འགྲེམས་སྟོན་ཚོགས་པ་ཆེན་པོ་ཞིག་འགྲེམས་སྟོན་ནང་ཞུགས་པར་མངགས་ཡོད། རུ་སྣེ་འཁྲིད་མཁན་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་མཐུན་ཚོགས་ཀྱི་སྤྱི་ཁྱབ་ཅིང་ལི་ཅི་ས་ཐེ·ཝོ་ཁུའུ་ཡིས“ཀྲུང་གོའི་འཛད་སྤྱོད་པའི་ཀོག་ཧྥེ་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་ཀོག་ཧྥེ་ཡི་སྤུས་ཚད་ཐད་ཀྱི་རེ་བའང་ཇེ་ཆེར་འགྲོ་བཞིན་ཡོད། སྔར་བས་སྒོ་མོ་འབྱེད་པའི་ཀྲུང་གོའི་ཁྲོམ་ར་དང་དེ་བཞིན་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གྲངས་འཛིན་ཅན་གྱི་ནུས་པར་བརྟེན་པས་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ལ་ཀྲུང་གོའི་ཁྲོམ་རར་མདུན་ལམ་ཆེན་པོ་ཡོད”ཅེས་བཤད།

2015ལོར་ཐོག་མར་དོས་སྒམ་གཅིག་ནས་གཉིས་བར་ནང་འདྲེན་བྱས་པ་ནས་ཉེ་བའི་ལོ་ཤས་རིང་ལོ་ལྟར་དོས་སྒམ་100ལྷག་ཙམ་དང་ལྗིད་ཚད་ཏུན་2000ལྷག་ཙམ་ནང་འདྲེན་བྱེད་པའི་བར། ཧྲང་ཧའེ་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཚད་ཡོད་ཀུང་སིའི་ཀོག་ཧྥེ་ནང་འདྲེན་ཚོང་པ་ཀྲུའུ་ཤིན་གཡོད་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་ཀྲུང་གོའི་ཁྲོམ་རར་རིམ་བཞིན་གཞི་ཚུགས་པའི་དཔང་པོ་བྱེད་ཐུབ་ཅིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་ལས་སྟེགས་བརྒྱུད། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེའི་སྲན་མ་རྩེ་གྲས་ཀྲུང་གོའི་ཀོག་ཧྥེ་ལེགས་གྲས་དང་ཁྲོམ་ར་རྩེ་གྲ་བཟུང་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་གི་ཡོད་ཅེས་གསར་འགོད་པར་བརྗོད།

ཉེ་བའི་ལོ་ཤས་རིང་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་དང་། པེ་ནི་ནའི་ཤིང་ཏོག་པོ་ལོ། རུ་ཝང་ཏའི་སུར་པན། ཐན་ཙན་ནི་ཡའི་སྦྲང་རྩི། མ་ཏ་ཀ་སི་ཁར་གྱི་ལུག་ཤ་སོགས་ཚུད་པའི་ཨ་ཧྥེ་རི་ཁའི་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་འབོར་ཆེན་ཞིག་ཀྲུང་གོའི་ཁྲོམ་རའི་དགོས་མཁོ་དང་མགྱོགས་མྱུར་སྦྲེལ་མཐུད་བྱས་པར། ཨ་ཧྥེ་རི་ཁའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་བ་ཐོབ་པ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད། ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་ཚང་མར་སྒོ་ཁྲལ་སྤྲོད་མི་དགོས་པའི་ཐོབ་ཐང་སྤྲད་པས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་དེང་རབས་ཅན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད།

(འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་འབྱོར་བའི་གློག་འཕྲིན)

(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)