འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་དང་མཉམ་དུ《རང་བྱུང་ཐོན་ཁུངས་ཀྱི་གཙོ་རྒྱུར་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་དཀར་ཆག(2024ལོའི་དེབ་ཡིག)》བཟོས་ཏེ། ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཀྱིས་བེད་སྤྱོད་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སོགས་ཐད་ས་ཞིང་དང་། གཏེར་རྫས། ནགས་ཚལ། རྩྭ་ཐང་། འདམ་ར། མཚོ་ཁོངས་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུའི་ཁ་ཕྱོགས་དང་བླང་བྱ་ཁ་གསལ་བཟོས་ཡོད།
དཀར་ཆག་ནང་རང་བྱུང་ཐོན་ཁུངས་ཀྱི་གཙོ་རྒྱུའི་རིགས་ཆེན་པོ་བརྒྱད་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུའི་སྐུལ་ལྕག་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་གདམ་གསེས་ཕྱོགས་བསྡུས་བྱས་ཡོད། དེའི་ནང་ལོ་འཁོར་གྱི་ས་ཆ་བེད་སྤྱོད་འཆར་གཞིའི་ནང་སྔོན་ལ་བཀོད་སྒྲིག་གམ་ཡང་ན་གཟིགས་སྐྱོང་འོས་འཚམ་དང་། མཁོ་སྤྲོད་བྱེད་སྟངས་ལེགས་སྒྱུར། ས་ཞིང་མཁོ་སྤྲོད་རིན་གོང་གཏན་འཁེལ་ལུགས་མཐུན། བར་བརྒལ་དུས་སྐབས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལོངས་སྤྱོད། དེ་སྔའི་ས་ཆའི་རིགས་ལྟར་དོ་དམ། ས་ཞིང་སྤྱོད་སྒོ་མཉམ་སྡུད་མཉམ་བསྲེས་བེད་སྤྱོད་ཀྱི་རེ་ཞུ། གྲོང་གསེབ་ཀྱི་མཉམ་སྡེབ་འཛུགས་སྐྲུན་ས་ཆ་བེད་སྤྱོད་སོགས་ཚུད་པ་མ་ཟད། ད་དུང་སྐུལ་ལྕག་རང་བཞིན་གྱི་ཐོན་ལས་རྣམ་གྲངས་སམ་ཡང་ན་ཕྱོགས་བསྡུས་རྣམ་གྲངས་རིགས་53དང་འབྲེལ་བའང་ཡོད། འབྲེལ་ཡོད་བརྡ་ཐོར་གཞིགས་ན། སྐུལ་ལྕག་རིགས་ནང་བཅུག་པའི་རྣམ་གྲངས་ཚང་མར། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་སྒོ་དོ་དམ་གྱི་བླང་བྱ་དང་མཐུན་པའི་རྨང་གཞིའི་ཐོག་རང་བྱུང་ཐོན་ཁུངས་དང་། མ་འཇོག་དོ་དམ། ནགས་ཚལ་དང་རྩྭ་ཐང་བཅས་གཙོ་གཉེར་སྡེ་ཚན་གྱིས་གཙོ་རྒྱུར་འགན་སྲུང་དང་དམིགས་བསལ་གཉེར་སྒྲུབ་ཀྱི་འབྲེལ་ཡོད་འགྲོ་ལུགས་སྔོན་ལ་གཉེར་ཆོག་གི་ཡོད།
གཞན་ཡང་། འབྲེལ་ཡོད་བརྡ་ཐོའི་ནང་སྲིད་ཇུས་ཀྱི་མཐའ་ཚད་དང་དམར་ཐིག་ནན་གྱིས་སྲུང་བའི་ཞིབ་ཕྲའི་ཆོག་འཐུས་བླང་བྱ་ཁ་གསལ་བཏོན་ཞིང་། ས་གནས་ཀྱིས་ས་ཆ་མཁོ་སྤྲོད་དང་། ས་ཆ་བེད་སྤྱོད་གྲུབ་ཆ་དང་དུས་རིམ། གསར་སྤེལ་བེད་སྤྱོད། རིན་གོང་འགྱུར་ལྡོག་སོགས་དམིགས་ཚད་ལ་དབྱེ་ཞིབ་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། ཁྲོམ་རའི་སྔོན་དཔག་དུས་ཐོག་དང་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས་གཙོ་རྒྱུར་འགན་སྲུང་གི་གནད་འཁེལ་རང་བཞིན་དང་ཕན་ནུས་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་ཞེས་འཁོད་ཡོད།
(སྤེན་པ་ཚེ་རིང་གིས་བསྒྱུར)