《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月28日

རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འབྲས་བུ་ཡོངས་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་སྤྱི་བསྒྲགས་སྤེལ་ཞིང་། ཡོངས་བཤེར་བྱེད་རིང་རང་རྒྱལ་གྱི་དཔལ་འབྱོར་གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་དང་། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རིམ་དོན་དངོས་དང་མཐུན་པའི་སྒོ་ནས་མངོན་པ། དཔལ་འབྱོར་བསྡོམས་འབོར་དང་། གྲུབ་ཚུལ། ཕན་འབྲས་སོགས་འགག་རྩའི་དམིགས་ཚད་ཀྱི་ཆ་འཕྲིན་བསྡུ་ལེན་བཅས་བྱས་ཡོད།

ཡོངས་བཤེར་བྱས་འབྲས་ལས་མངོན་པར། ཐོན་ལས་གཉིས་པ་དང་གསུམ་པའི་ཚན་པའི་གྲངས་འབོར་ཆེས་ཆེར་འཕར་ནས་ལས་ཞུགས་མི་སྣ་དེ་བས་མང་བ་བསྡུ་ལེན་བྱས་པ་དང་། ཁེ་ལས་ཀྱི་རྒྱུ་ནོར་གྱི་གཞི་ཁྱོན་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ། ལས་གཉེར་ཡོང་འབབ་མགྱོགས་ཙམ་འཕར་བ། ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་རྒྱུན་མཐུད་ཕྱིན་པ། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ། ཐོན་ལས་གྲུབ་ཆ་ལེགས་འགྱུར་རིམ་སྤོར་བྱུང་བ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་སྙོམས་རང་བཞིན་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ་བཅས་ལོ་ལྔའི་རིང་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

དེ་ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁང་དབྱིས་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་དམིགས་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། བཀོད་པ། ཕན་འབྲས་བཅས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་ཚན་པ་ཁག་གི་གཞི་རྩའི་གནས་ཚུལ་གསལ་རྟོགས་དང་། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་ལས་རིགས་དབར་གྱི་དཔལ་འབྱོར་འབྲེལ་བ་ཁོང་དུ་ཆུད་པ། ཡོངས་བཤེར་བརྒྱུད་བསྡོམས་རྩིས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། བསྡོམས་རྩིས་དེང་རབས་ཅན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་ཆེའི་དཔལ་འབྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་པར་ཚན་རིག་དང་མཐུན་ཞིང་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་འདེགས་སྐྱོར་བྱ་ཆེད་རེད།

《རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་སྲོལ་ཡིག》གཞིར་བཟུང་། དཔལ་འབྱོར་ཡོངས་བཤེར་ལས་དོན་ལོ་ལྔ་རེར་ཐེངས་རེ་སྤེལ་བ་དང་། ལོ་འཁོར་གྱི་མཇུག་གྲངས་3དང་8ཡིན་སྐབས་ལག་ལེན་བསྟར་གྱི་ཡོད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཚད་ལྡན་དུས་ཚོད་ནི་2023ལོའི་ཟླ་12ཚེས་31ཉིན་ཡིན་ཞིང་། ཡོངས་བཤེར་བྱེད་པའི་དུས་སྐབས་ཀྱི་དཔྱད་གཞིའི་ཡིག་རིགས་ནི་2023ལོ་འཁོར་ཡིན་པ་དང་། ཡོངས་བཤེར་བྱ་ཡུལ་ནི་རང་རྒྱལ་གྱི་མངའ་ཁོངས་སུ་ཐོན་ལས་གཉིས་པ་དང་གསུམ་པའི་ལས་ལ་གཞོལ་མཁན་ཁྲིམས་མིའི་ཚན་པ་དང་། ཐོན་ལས་བྱ་སྤྱོད་ཚན་པ། མི་སྒེར་གྱི་གཉེར་སྐྱོང་དུད་ཚང་བཅས་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)