འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24དང་25ཉིན། རྒྱལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་ཚོགས་འདུ་འཚོགས་ཤིང་། སྡོད་ཁང་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། 2024ལོར། ས་ཁང་བདག་ཁོངས་ཁྲོམ་ར་སླར་གསོ་བརྟན་པོ་ཡོང་བའི་འཕེལ་ཕྱོགས་མངོན་ཞིང་། ཟླ་10པ་དང་11པར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཉོ་ཚོང་གི་དྲ་རྒྱའི་གན་རྒྱ་འཇོག་པའི་གཞི་ཁྱོན་དེ་ཟླ་2བསྟུད་མར་དུས་མཚུངས་དང་ཟླ་གོང་མ་ལས་ཆེ་རུ་ཕྱིན་ཡོད་པ་རེད། ས་ཁུལ་ཁག་གིས་ཁང་སྤྲོད་འགན་ལེན་ཁང་པའི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་པས། སྡོད་ཁང་ཁྲི་338རྩིས་སྤྲད་ཟིན་ཏེ་དམིགས་གཏན་འཁེལ་བའི་དམིགས་ཚད་ལེགས་གྲུབ་ཐུབ་ཡོད་པ་རེད།
2024ལོར། གྲོང་ཁྱེར་300ལྷག་ཙམ་ལ་གྲོང་ནང་གྲོང་ཚོ་བསྐྱར་སྐྲུན་རྒྱ་སྐྱེད་བཏང་བ་དང་། གྲོང་ནང་གྲོང་ཚོ་སྒྱུར་བཀོད་རྣམ་གྲངས་1790ལག་ལེན་བསྟར་བ། བཅའ་སྒྲིག་སྡོད་ཁང་ཁྲི་161.7འཛུགས་སྐྲུན་གྲབས་གསོག་བྱས་པ། གྲོང་ཁྱེར་ནང་གི་ཉེན་ཡོད་ཁང་པ་རྙིང་པ་ཁྲི་7.4(ཁང་མིག)ལ་སྒྱུར་བཀོད་བཅས་བྱས་ཡོད། བགོས་འཚོང་གི་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་། བོགས་གཏོང་གཞུང་ཁང་བཅས་ཁྱོན་བསྡོམས་ཁྲི་172(ཁང་མིག)འཛུགས་སྐྲུན་གྲབས་གསོག་བྱས་པས་གྲོང་མི་གསར་པ་དང་། གཞོན་ནུ། ཞིང་པ་ལས་མི་བཅས་འབོར་ཆེན་གྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཐུབ་ཡོད། རྒྱལ་ཡོངས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་བྱེད་མཁན་ཁྲི་2050ལ་སྤྱི་གསོག་མ་དངུལ་བླངས་ནས་ཁང་གླ་སྤྲོད་པར་རྒྱབ་སྐྱོར་བྱས་པ་དང་། ཚོད་ལྟ་བྱས་རྗེས་བབ་བསྟུན་ལས་ཞུགས་བྱེད་མི་ཁྲི་100ལྷག་ཙམ་ལམ་ལུགས་ལག་བསྟར་གྱི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་5.6གསར་དུ་སྒྱུར་བཀོད་བྱེད་འགོ་བཙུགས་པ་དང་། ཁུལ་ཆུང་ནང་གི་མདོང་ལམ་རྙིང་པ་སྣ་ཚོགས་སྤྱི་ལེ་ཁྲི་5ལྷག་ཙམ་གསར་བརྗེས་སྒྱུར་བཀོད་བྱས་པ། གློག་སྐས་ཁྲི་2.5ལྷག་ཙམ་བསྒར་བ། རླངས་འཁོར་འཇོག་ས་ཁྲི་50ལྷག་ཙམ་མང་དུ་བཏང་ཡོད་པ་རེད། “གལ་ཆེན་གཉིས”དང“གསར་པ་གཉིས”ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ས་འོག་མདོང་ལམ་དྲ་བ་འཛུགས་སྐྲུན་སྒྱུར་བཀོད་བྱས་རྗེས་འབར་རླངས་མདོང་ལམ་རྙིང་པ་སྤྱི་ལེ་ཁྲི་6.1གསར་བརྗེས་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། ལོ་འཁོར་མོར་མདོང་ལམ་སྣ་ཚོགས་སྤྱི་ལེ་ཁྲི་16.3འཛུགས་སྐྲུན་སྒྱུར་བཀོད་བྱས་པ། ཕྱོགས་བསྡུས་མདོང་ལམ་བར་ཁྱམས་རྣམ་གྲངས་སྤྱི་ལེ་201གསར་དུ་ལས་འགོ་བཙུཌ་པ། སྒྲིག་ཆས་ཁྲི་117གསར་བརྗེས་བཅས་བྱས་པ་རེད།
(བསྟན་བློས་བསྒྱུར། སྐལ་མཆོག་གིས་ཞུས)