ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུས་སྒྲིག་འཛུགས་དང་རྩོམ་འབྲི་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གི་ཀློག་དེབ》(གཤམ་དུ《ཀློག་དེབ》ཅེས་བསྡུ་རྒྱུ)ཅེས་པ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“སྤྱི་ཡོངས་གཉིས”སྤྱི་འདོམས་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་། འབད་འཐབ། གསར་འབྱེད། གསོན་ཉམས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཞི་རྩའི་ཕྱོགས་སྟོན་ཞིག་ཀྱང་ཡིན་པས། ཏང་གི་འཐབ་ཕྱོཌ་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཀྱིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་ལ་སྐུལ་འདེད་གཏོང་རྒྱུར་བསམ་ཕྱོགས་གསར་པ་བཏོད་ཡོད། 《ཀློག་དེབ》ལ་ལེའུ་12ཡོད་པ་དང་། དེ་དག་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གལ་ཆེན་གྱི་ནུས་པ་འདོན་སྤེལ་དང་། ཁྱབ་ཁོངས་ཁག་གི་འཐབ་ཕྱོཌ་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད།
《ཀློག་དེབ》དེ་ཉིད་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་དང་། གཏིང་ཟབ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུར་ཕན་ཐོགས་ཡོད་པ་རེད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)