འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་23ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་མཚོ་སྔོན་གྱི་ཉ་སན་ཝུན་གྱི་སྤྱི་པའི་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ”ཟི་ལིང་དུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ས་ཁོངས་ཀྱི་ཁྱད་ཆོས་དང་ཉ་སན་ཝུན་གྱི་གཞི་རྒྱུ་མཉམ་འདྲེས་གྱི“མཚོ་སྔོན་གྱི་ཉ་སན་ཝུན”གྱི་སྤྱི་པའི་སྤུས་རྟགས་བཏོད་པ་དང་དེའི་རང་བྱུང་དང་། སྤུས་ལེགས། ལྗང་མདོག་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་ཐོན་ལས་ལ་གཟུགས་བརྙན་གསར་པ་བཏོད་ཡོད་ཅེས་བསྟན་ཡོད།
ཕུན་སུམ་ཚོགས་པའི་ཆུ་སྤུས་ཐོན་ཁུངས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ཉ་སན་ཝུན་གྱི་ཐོན་ལས་འཕེལ་རྒྱས་དེ་ཉིད་མཚོ་སྔོན་ཞིང་ཆེན་གྱི་གསར་དར་ཐོན་ལས་དང་། ཁྲའོ་དབྱང་གི་ཐོན་ལས། ཁྱད་ལྡན་ཐོན་ལས་བཅས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ཉ་སན་ཝུན་གྱི་ཐོན་ཚད་ཏུན་ཁྲི་1.5ཟིན་ནས་རྒྱལ་ཡོངས་ཀྱི་ཐོན་ཚད་བསྡོམས་འབོར་གྱི་33%ནས་39%བར་ཟིན་ནས་མིག་སྔར་རྒྱལ་ཡོངས་ཀྱི་ཉ་སན་ཝུན་གསོ་ཚགས་རྟེན་གཞི་ཆེ་ཤོས་དེ་རེད། མིག་སྔར། མཚོ་སྔོན་གྱི་སྐམ་སའི་གསོ་ཚགས་ཁེ་ལས་དང་གསོ་ཚགས་དུད་ཚང་30ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ཕན་ནུས་ལྡན་པའི་གསོ་ཚགས་བྱ་ཡུལ་ཆུ་ངོས་སྨི་གྲུ་བཞི་ལྷམ་པ་ཁྲི་5ལས་བརྒལ་ཡོད་པ་རེད། སྤུས་ཚད་མཐོ་བ་དང་སྦགས་བཙོག་མེད་པའི་ཐོན་རྫས“པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཧྲེན་ཀྲེན”སོགས་ཞིང་ཆེན་དང་གྲོང་ཁྱེར་40ལ་ཕྱིར་ཚོང་དང་ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་ལ་ཕྱིར་གཏོང་བྱས་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “མཚོ་སྔོན་གྱི་ཉ་སན་ཝུན”ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ལ། མཚོ་སྔོན་ཐོན་ལས་ཀྱི“ས་གནས་བཞི”འཛུགས་སྐྲུན་ཁྲོད“ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་”གྱི་ཐོན་རྫས་གཙོ་བོ་ཞིག་ཀྱང་རེད།