ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། བོད་ལྗོངས་ལྷ་སའི་ཆན་ཧྥུའུ་500ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་མཐོ་གནོན་ཚད་བརྒལ་གྱི་གློག་དྲའི་དྲ་སྒྲོམ་དེ་གློག་སྤྱོད་ཐེག་ཚད་ལྟེ་གནས་སུ་སྣུར་སྲིང་ཐུབ་ནས་ལྷ་ས་བསྐོར་བའི་ཆན་ཧྥུའུ་500ཡི་དྲ་སྒྲོམ་གཙོ་བོ་འཛུགས་པར་སྐུལ་མ་ཐེབས་ཡོད་པ་རེད། ལས་གྲྭ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་དྲའི་ཕྱོགས་ཀྱི་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་137.04ཟིན་པ་དེ་དུས་མཚུངས་ལས་13.96%འཕར་ཡོད་པ་དང་། དགུན་དཔྱིད་ཤར་ནས་བོད་ཀྱི་ཆུ་ཆུང་བའི་སྐབས་དང་བསྟུན་ནས་ས་གནས་དེ་གའི་ཆུ་ཤུགས་གློག་ཁང་གི་གློག་འདོན་ཚད་ཆུང་དུ་ཕྱིན་ཏེ་གློག་འདོན་གནོན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
བོད་ཀྱི་ནུས་རྒྱུ་གསར་པའི་གློག་འདོན་བསྡུར་ཚད་དེ་རྒྱུན་གཏན་གྱི་ཆུ་ཤུགས་གློག་འདོན་གྱི་བསྡུར་ཚད་ལས་བརྒལ་ནས་བོད་ཀྱི་གློག་ཁུངས་ཆེ་གྲས་ཨང་དང་པོར་གྱུར་ཡོད། གློག་ཤུགས་མཁོ་སྤྲོད་འགན་ལེན་ནུས་པ་དང་ནུས་རྒྱུ་གསར་པ་འདྲེན་སྤྱོད་ནུས་པ་ཆེ་རུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་30.25བཏང་ནས་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་པའི་གཙོ་གནད་ལས་གྲྭ་12བསྐྲུན་པར་གློག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་559.2ཡོད་པ་དང་། བོད་ལྗོངས་གློག་དྲ་སྤྱི་ཡོངས་ཀྱི་གློག་འདོན་ནུས་པ་རིམ་རྩིས་བརྒྱབ་ན་ཆན་ཝ་ཁྲི་35.5འཕར་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བཅུ་པ་ནས་ད་བར། བོད་ལྗོངས་གློག་དྲའི་ཕྱོགས་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་ལས་གྲྭ་མང་པོ་ཞིག་སྔ་རྗེས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཆན་ཧྥུའུ་220ཡི་རྡོ་གླིང་གློག་སྒྱུར་ས་ཚིགས་ཀྱི་སྒྱུར་བཀོད་རྒྱས་སྐྲུན་གྱི་ལས་གྲྭ་གཉེར་སྐྱོང་བྱེད་འགོ་ཚུགས་པས་ས་ཁོངས་ཀྱི་གློག་དྲའི་གློག་ཐེག་ནུས་པ་དང་ཐེག་ཚད་གློག་འདོན་ནུས་པ་ཆེ་རུ་ཕྱིན་པ་དང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་ཀྱི་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས། བོད་དབུས་ཀྱི་གློག་ཤུགས་མི་འདང་བའི་གནད་དོན་སྔར་བས་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)