《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月27日

ངོགས་གཉིས་ཀྱིས་ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏུའུ་ཕུའུ་རྩྭ་ཁང་རྟེན་མཛོད་ཁང་དུ་ངོགས་གཉིས་ཀྱིས་ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ངོགས་གཉིས་ཀྱི་རིག་གནས་མཁས་དབང་གྲགས་ཅན་དང་གཞོན་ནུ་སློབ་མ་སོགས་མི་100ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། ད་ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་སྐུ་ཞབས་མཱ་དབྱིང་ཅིའུ་བཅས་པ་དང་མཇལ་འཕྲད་གནང་སྐབས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་ཞེས་གསུངས་པ་དང་། ཟླ་10པར། ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་རེད། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་དར་སྤེལ་གཏོང་བར། ངོགས་གཉིས་ཀྱི་རིག་གནས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས་པ། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་པ། ཀྲུང་ཧྭའི་རིག་གནས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ཀྲུང་ཧྭའི་རིག་གནས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ། ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་ཀྲུང་ཧྭའི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ཏེ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་དར་སྤེལ་བཏང་ནས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བར་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།

ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་མཱ་དབྱིང་ཅིའུ་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། ངོགས་གཉིས་ཀྱི་རྩ་བ་གཅིག་དང་། རིག་གནས་གཅིག རིགས་རྒྱུད་གཅིག་བཅས་རེད། ངོགས་གཉིས་ཀྱི་མི་དམངས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚང་མ་མེས་པོ་ཡན་ཧོང་གི་རྒྱུད་པ་ཡིན་པ་དང་ཀྲུང་ཧྭའི་རིག་གནས་མཉམ་སྤྱོད་བྱེད་ཀྱི་ཡོད་པས་རང་གི་རིགས་རྒྱུད་བརྗེད་མི་རུང་། དམངས་གཙོ་ཡར་སྐུལ་ཏང་གིས་ཐའེ་དབན་དུ“ཀྲུང་གོ་ཅན་དོར་བའི”བྱེད་སྤྱོད་སྤེལ་བར་ལེགས་འགྲུབ་ཡོང་མི་སྲིད། ང་ཚོར་ཟིང་བཅོས་ཡོ་བསྲང་བྱས་ནས་ཀྲུང་ཧྭའི་རིག་གནས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད། ཐའེ་དབན་གྱི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་རྩ་དང་དེ་བཞིན་ཡན་ཧོང་གི་བུ་རབས་ཚ་རྒྱུད་ཡིན་པའི་སྤོབས་པ་བློ་ལ་བརྟན་པོར་ངེས་ནས། ཀྲུང་ཧྭའི་རིག་གནས་ལ་འཆང་བའི་བརྩེ་དུང་དང་མོས་སེམས་ཆེ་རུ་གཏོང་དགོས།

(པ་ཕན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་ཞུས)