བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྒོ་རའི་ནང་། ལྷ་སའི་འབག་བཟོ་རྩལ་གྱི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤི་ལོག་དང་དགེ་ཕྲུག་ཚོས་ཚ་ཚ་འུར་འུར་ངང་འབག་བཟོ་བཞིན་ཡོད་ཅིང་། འབག་བཟོའི་ལས་རིམ་རྙོག་འཛིང་ཆེ་ལ་འབག་གཅིག་བཟོ་བར་རྐོས་རྒྱག་པ་དང་། བང་རིམ་དབྱེ་བ། རླུང་སྐམ་གཏོང་བ། ཚོན་གཏོང་བ་སོགས་ལས་རིམ་བཅུ་ལྷག་ཙམ་བརྒྱུད་དགོས།
2012ལོར། སྲིད་གཞུང་གི་རོགས་སྐྱོར་འོག ཤི་ལོག་གིས་སྲོལ་རྒྱུན་ལག་ཤེས་ཀྱི་མཉམ་ལས་ཁང་བཙུགས་པར། གཙོ་བོ་ལྷ་མོའི་འབག་བཟོས་ཏེ་ཚོང་བཞིན་ཡོད། ཤི་ལོག་གིས་བཟོས་པའི་འབག་གི་བཟོ་དབྱིབས་ལྟ་སྣང་དོད་པས་ལྷ་མོའི་འཁྲབ་སྟོན་སྐབས་རྒྱ་ཁྱབ་ཏུ་སྤྱོད་ཀྱི་ཡོད། ཤི་ལོག་གིས། “འབག་གི་གོང་ཚད་སྒོར་བརྒྱ་ཕྲག་ཁ་ཤས་ནས་སྒོར་ཁྲི་ཁ་ཤས་བར་ཟིན་པ་དང་། མང་ཆེ་བ་བོད་ཀྱི་ལྷ་མོ་ཚོགས་པ་ཆེ་གྲས་ཁག་གིས་མངགས་ཀྱི་ཡོད”ཅེས་བརྗོད། ཉེ་བའི་ལོ་ཤས་རིང་། མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་ལ་འབག་བཟོ་རྩལ་བསླབས་ཏེ་ཁོང་ཚོར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ལའང་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།