《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月26日

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཀྲའོ་ཧའེ་ཕིང་གིས་གསར་འགྱུར་གཏམ་བཤད་སྤེལ་ནས། མཚོ་སྔོན་གྱི་ནགས་ལས་དང་རྩྭ་ཐང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། 《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་བྱེད་པོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱིའི་འཆར་འགོད(2023ལོ་ནས་2035ལོ་བར)》དང 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྱུར་བསྡུ་སྒྲིལ་ཇུས་གཞི》བཟོས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ཏེ། རྒྱལ་ཁབ་སྤྱི་གླིང་རྣམ་གྲངས་ཀྱི་མ་དངུལ་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་རྣམ་གྲངས་ཀྱི་མ་དངུལ་མཛོད་ནང་བཅུག་པ་རེད།

རྒྱལ་ཡོངས་སུ“བསམ་འཆར་གཅིག་དང་ཇུས་གཞི་གཉིས”སྔོན་ལ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་དང་རྨ་ནུབ་དོག་ལམ—ཐ་ཁེ་ལཱ་མ་ཀན་བྱེ་ཐང་མཐའ་ཁུལ་གྱི་མཚོ་སྔོན་ཡུག་ཁུལ་གྱི་འགོག་རྒོལ་དམག་འཐབ་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། 2023ལོར། ཞིང་ཆེན་ཡོངས་ཀྱི་བྱང་གསུམ་ལས་གྲྭ་ཁུལ་གྱི“གལ་ཆེན་གཉིས”ཡིན་པའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་སྤྱི་ཆིང་ཁྲི་36.445ལེགས་སྒྲུབ་བྱས་པ་དང་། 2024ལོར། འཛུགས་སྐྲུན་གྱི་ལས་འགན་སྤྱི་ཆིང་ཁྲི་51.802ལེགས་སྒྲུབ་བྱས་པ། རྒྱལ་ཁབ་ཀྱིས་སྤྲད་པའི“བྱང་གསུམ”གྱི་དུས་ཐེངས་དྲུག་གི་གཙོ་གནད་རྣམ་གྲངས་ཁག་27ཚང་མ་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད་པ་རེད།

“བྱང་གསུམ”དང་གལ་ཆེན་གཉིས་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་ལ་བརྟེན་ནས།2022ལོ་ཚུན་དུ། ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་ཁྲི་102.0146ལ་སྔོ་འགྱུར་བྱས་པར། བྱེ་འགོག་བྱེ་བཅོས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་26.909ཟིན་ཡོད། རྣམ་པ་མང་པོའི་ཐོག་ནས་འོས་འགན་ཤིང་འཛུགས་བྱས་པར་ཕབ་རྩིས་བྱས་ན་སྡོང་རྐང་ཁྲི་5100ཟིན་པ། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་8དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་16འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

རིམ་ལྔའི་ནགས(རྩྭ)དཔོན་ལམ་ལུགས་ཀྱི་དོ་དམ་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ། ཞིང་ཆེན་ཡོངས་སུ་ནགས(རྩྭ)དཔོན་བསྡོམས་6856བཀོད་སྒྲིག་བྱས་པ་རེད། “ནགས(རྩྭ)དཔོན་དང་། ཉེན་རྟོག་དཔོན། ཅན་ཁྲ་ཀྲང་། ཁྲིམས་ཁང་གི་ཡོན་ཀྲང་བཅས་ཟུང་དུ་འབྲེལ་བ”དང“ནགས(རྩྭ)དཔོན་ལམ་ལུགས”དང“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཟུང་དུ་འབྲེལ་བའི”

ལས་ཀའི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ལས་རིགས་དང་སྡེ་ཚན་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ནགས(རྩྭ)དཔོན་ལམ་ལུགས་དེ“ཕྱོགས་ཡོངས་ནས་འཛུགས་པ”ནས“ཕྱོགས་ཡོངས་ནས་ཕན་འབྲས་ཐོན་པའི་བར”འགྱུར་ལྡོག་བྱུང་ཡོད།

གཙང་གསུམ་ཆུ་འགོ་དང་མཚོ་སྔོན་པོའི་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་4.97བཏང་ནས། འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ཁག་106ལག་ལེན་བསྟར་བ་དང་། གཙང་གསུམ་ཆུ་འགོའི་ཁུལ་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁྲི་3.9ནས་སྤྱི་ལེ་གྲུ་བཞི་ཁྲི་5བར་ཆེ་རུ་བཏང་བ། རྩི་ཤིང་ལན་ཁོའོ་སོགས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་གི་སོན་རྩིའི་ཐོན་ཁུངས་ལ་བརྟག་དཔྱད་དང་སྤོ་འཛུགས་སྲུང་སྐྱོང་གི་ལས་དོན་སྤེལ་བ། དབྱར་རྩྭ་དགུན་འབུའི་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ནས། རིམ་རྩིས་བརྒྱབ་ན་དབྱར་རྩྭ་དགུན་འབུ་འཐུ་ཆོག་པའི་ལག་ཁྱེར་3800ལྷག་ཙམ་དཔྱད་སྤྲོད་བྱས་པ་རེད།

ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་སྔོ་ཁེབས་ཁེབས་ཚད་2018ལོའི་56.8%ནས་2023ལོའི་58.12%བར་མང་དུ་ཕྱིན་ཏེ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་ནུས་པ་ཆེ་རུ་བརྟན་པོ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་རྒྱུན་མཐུད་ཕྱིན་ཡོད། ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་དང་། རང་བྱུང་ནགས་ཚལ་ལ་དོ་དམ་སྲུང་སྐྱོང་། ཞིང་དོར་ནགས་གསོ་དང་རྩྭ་གསོ་སོགས་ཀྱི་ཁ་གསབ་རོགས་རམ་སྲིད་ཇུས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ལོ་ལྟར་རིགས་ཁག་གི་དམངས་ཕན་མ་དངུལ་སྒོར་དུང་ཕྱུར་10ཡན་དོན་འཁྱོལ་བྱས་ཏེ། “སྐྱེ་ཁམས་ཡོང་འབབ”ལས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)