《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月25日

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་བདག་ཏུ་བཟུང་བའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་19ཉིན་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོས་ཡོངས་བསྒྲགས་སུ་ཁྲིམས་ར་འཚོཌ་ནས། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་བདག་ཏུ་བཟུང་བའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།

ནན་ཐུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་ཞུ་གཏུག་བྱས་པ་སྟེ། 2003ལོ་ནས་2023ལོའི་བར་ཞུ་སྦྱོར་ཕྱི་མ་དབྱང་ཁེ་ཉིང་གིས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་འཛམ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། རྔ་པ་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རྔ་པ་ཀྲོའུ་སྲིད་གྲོས་ཀྱི་ཀྲུའུ་ཞི། རྔ་པ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲོའུ་ཀྲང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7223ལྷག་ཙམ་ཟིན་ཡོད་པ་རེད། 2008ལོ་ནས་2010ལོའི་བར་དབྱང་ཁེ་ཉིང་གིས་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་རག་ཐབས་བྱས་ནས་སྡོད་གནས་སུ་བཞག་པ་ནི་གནས་ཚུལ་ཚབས་ཧ་ཅང་ཆེན་པོ་ཞིག་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་བདག་ཏུ་བཟུང་བའི་ནག་ཉེས་ཐོག་ནས་དབྱང་ཁེ་ཉིང་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྩིས་སྤྲད་ཡོད།

ཁྲིམས་སར་འདྲི་གཅོད་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་དབྱང་ཁེ་ཉིང་དང་ཁོ་པའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ། གཏུག་རྩོད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ། དབྱང་ཁེ་ཉིང་གིས་མཐའ་མའི་གསལ་བཤད་བྱས་ཏེ་ཁྲིམས་སར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད།

མཐར་ཁྲིམས་རར་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་མཚམས་བཞག་སྟེ། དུས་ཚོད་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་སུམ་ཅུ་ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)