འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། 2023ལོའི་ཟླ་12ཚེས་18ཉིན་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཕྲལ་དུ་རིམ་པ་Ⅱཀྱི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་ཞིང་། འཕྲལ་མ་ཉིད་དུ་ཡོམ་འགོག་གེགས་སེལ་གྱི་ཚེ་སྲོག་ལམ་བུ་བཏོད་དེ། བྲག་དམར་རི་བོའི་ཉེན་ཡོད་བྲག་ངོས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་རེད། མིག་སྔའི་བར་དམར་གཙང་དང་། ཡ་རྫི། བ་ཡན་བཅས་རྫོང་གསུམ་གྱི་སྤྱི་ལེ་214ཡོད་པའི་གྲོང་གསེབ་ཀྱི་གཞུང་ལམ་57དང་སྤྱི་ལེ་50ལྷག་ཙམ་ཡོད་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་5སྔ་རྗེས་སུ་དུས་བཀག་ལྟར་བསྐྲུན་ནས་གཞུང་ལམ་ཤར་བགྲོད་ཀྱི་ནུས་པ་ཆེ་རུ་ཕྱིན་ཏེ་ལམ་རྒྱུད་ཀྱི་ཤང་གྲོང་18དང་སྲིད་འཛིན་གྲོང་ཚོ་104ཡི་མང་ཚོགས་ཁྲི་16.4ལྷག་ཙམ་བདེ་འཇགས་དང་སྟབས་བདེའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱུང་ཡོད།
གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དམངས་འཚོ་རྩ་བར་འཛིན་པ་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་གནོད་འཚེའི་གྱོང་གུན་ལ་ཚོད་སྐོར་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཚུལ་ཁྱོན་ཡོངས་ནས་མཐིལ་རྟོགས། བསྐྱར་སྐྲུན་གྱི་ཇུས་གཞི་ལུགས་མཐུན་ངང་གཏན་འཁེལ་བཅས་བྱས་ཏེ《ཅི་ཧྲི་ཧྲན་ས་ཡོམ་གྱི་མཚོ་སྔོན་གྱི་གེགས་རྗེས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་རེད།
གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་ཐུབ་པར་འགན་ལེན་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་ཡུན་ལྡོག་སྒྲིག་དང་ལམ་རིམ་གསལ་འགོད་བྱེད་པ་དང་། ཆེད་དོན་ཚོགས་འདུ་འཚོགས་ནས་མ་དངུལ་གྲབས་གསོག་ལ་ཞིབ་འཇུག་བྱས་ཏེ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་མ་དངུལ་སྔོན་ལ་འགན་ལེན་བྱས་པ་རེད། རྣམ་གྲངས་ལག་བསྟར་བྱེད་རིང་རྣམ་གྲངས་དོ་དམ་ཚན་པས་སྤུས་ཚད་དང་། བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། སྤྱོད་གཙང་སོགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་བསྐྱར་སྐྲུན་ཚན་རིག་དང་མཐུན་པ་དང་། བསྐྱར་སྐྲུན་བདེ་འཇཌ་ལྡན་པ། བསྐྱར་སྐྲུན་ཀུན་གསལ་ཡིན་པ་བཅས་ཀྱི་འགན་ལེན་བྱས་པ་རེད། ད་ཆ་ས་ཡོམ་གེགས་ཁུལ་གྱི་གསར་སྐྲུན་གཞུང་ལམ་རི་བོའི་གསེབ་ཏུ་གྱ་གྱུར་དུ་གནས་ཡོད། འཚོ་བའི་དངོས་ཟོག་དང་འཛུགས་སྐྲུན་རྒྱུ་ཆ་བྱུར་བུར་བླུགས་པའི་རླངས་འཁོར་མང་པོ་གྲོང་གསེབ་ཀྱི་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱས་ནས། གེགས་ཁུལ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྐྱེ་སྟོབས་དང་གསོན་ཤུགས་བསྣན་ཡོད།
(པ་ཕན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་ཞུས)