《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月25日

ཐོན་སྐྱེད་ཅུང་མྱུར་པོ་འཕར་བ་དང་། དགོས་མཁོ་མུ་མཐུད་རྒྱ་ཆེར་ཕྱིན་པ། ཁང་ཁྲོམ་དང་རྐང་དབང་ཁྲོམ་ར་འཁྲུག་ཏུ་སོང་བ།

ཟླ་བཅུ་གཅིག་པར་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་འཕར་བའི་རྣམ་པ་ཐོན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲེ་ཆང་།

ཟླ་12ཚེས་16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་11པའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། ཟླ་11པར་ཐོན་སྐྱེད་ཅུང་མྱུར་པོ་འཕར་བ་དང་། དགོས་མཁོ་མུ་མཐུད་རྒྱ་ཆེར་ཕྱིན་པ། ལས་ཞུགས་ཟོག་གོང་སྤྱིར་ན་བརྟན་པོ་བྱུང་བ། ཁང་ཁྲོམ་དང་རྐང་དབང་ཁྲོམ་ར་འཁྲུག་ཆ་དོད་པ། ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་པ། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་འཕར་བའི་རྣམ་པ་ཐོན་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའི་འགན་འཁུར་བ་ཧྥུའུ་ལིང་ཧུའེ་ཡིས་ཚེས་16ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཟླ་11པའི་དཔལ་འབྱོར་འཁོར་སྐྱོད་ཐད“ཐོན་སྐྱེད་འཕར་བ་དང་། དགོས་མཁོ་འཕར་བ། ལས་ཞུགས་བརྟན་པ། ཁྲོམ་ར་འཁྲུག་པ། སྤུས་ཚད་ལེགས་པ”སོགས་ཀྱི་ཁྱད་ཆོས་ཁག་གཅིག་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

བཟོ་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ཟླ་11པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.4%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1གིས་མགྱོགས་པ་ཡོད། དེའི་ཁྲོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་7.6%འཕར་བ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1གིས་མགྱོགས་པ་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་བར་ལེགས་སྐྱེས་འབུལ་ཚད་50%ཙམ་ཟིན་ཡོད་པ་རེད།

འཛད་སྤྱོད་ཐད་ནས་བལྟས་ན། ཟླ་11པར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་3.0%འཕར་ཡོད་ཅིང་། “བཅུ་གཅིག་ཟུང”གི་དྲ་ཐོག་ཉོ་སྒྲུབ་སྔ་སྣུར་དུ་ཁག་བགོས་བྱས་པའི་ཤུགས་རྐྱེན་ཕོག་ནས་འཕར་ཚད་ཟླ་གོང་མ་ལས་ཅུང་ཆག་ཡོད་མོད། འོན་ཀྱང་ཟླ་བ་དེའི་འཕར་ཚད་དུས་ཚིགས་གསུམ་གྱི་ཆ་སྙོམས་འཕར་ཚད་ལས་སྔར་བཞིན་མགྱོགས་པ་ཡོད་པ་དང་འཛད་སྤྱོད་བསྐྱར་འཕར་གྱི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། མ་འཇོག་ཐད་ནས་བལྟས་ན། “གལ་ཆེན་གཉིས”ཀྱི་འཛུགས་སྐྲུན་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་སོགས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་དང་ཕན་འབྲས་མངོན་གསལ་དོད་པའི་འོག་མ་འཇོག་འཕར་ཚད་སྤྱི་ཡོངས་ནས་བརྟན་འཁྱོངས་ཐུབ་ཡོད་པ་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་3.3%འཕར་ནས་ཟླ་བཞི་བསྟུད་མར་སྤྱིར་ན་བརྟན་པོ་བྱུང་ཡོད་པ་རེད།

ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཞིང་། ཟླ་11པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ཟིན་པ་དེ་ཟླ་གོང་མ་དང་མཚུངས་ནས་འདི་ལོ་ཚུན་གྱི་ཅུང་དམའ་བའི་ཆུ་ཚད་དུ་གནས་ཡོད་པ་རེད། དེའི་ཁྲོད་ཕྱི་ནས་ཡོང་བའི་ཞིང་ལས་ཀྱི་ཐེམ་ཐོའི་ངལ་རྩོལ་ནུས་ཤུགས་ལ་ལས་ཤོར་བརྟག་དཔྱད་བྱེད་ཚད་4.4%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.3ཆག་པ་དང་གཞོན་ནུའི་ངལ་རྩོལ་ནུས་ཤུགས་ལས་ཤོར་བརྟག་དཔྱད་བྱེད་ཚད་ཀྱང་ཆག་ཡོད་པ་རེད།

ཁྲོམ་རའི་འདོན་སྤྲོད་དང་དགོས་མཁོའི་དབར་གྱི་འབྲེལ་བ་དང་སྔོན་དཔག་བསྐྱར་འཕར་བྱུང་ཞིང་། ཟོག་གོང་ཐད་ནས་བལྟས་ན། ཟླ་11པར་བཟའ་བཅའ་དང་ནུས་རྒྱུའི་རིན་གོང་ཕུད་རྗེས་ཀྱི་ལྟེ་བའི་CPI(གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས)དུས་མཚུངས་ལས་0.3%འཕར་ཏེ། འཕར་ཚད་བསྡུར་གྲངས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ནས་ཟླ་གཉིས་བསྟུད་མར་ཆེ་རུ་ཕྱིན་ཡོད།

དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ་དང་ལག་རྩལ་འདུས་ཚད་མཐོ་བའི་ཐོན་ལས་ཀྱི་འཕེལ་ཤུགས་ཅུང་ལེགས་ཤིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གཞི་ཁྱོན་ཡན་གྱི་ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9%འཕར་ནས་འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་རེད། ལག་རྩལ་འདུས་ཚད་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་8.8%འཕར་ནས་མ་འཇོག་ཚང་མའི་འཕར་ཤུགས་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་རེད། ལྗང་མདོག་ཕྱོགས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད། ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་ལྗང་མདོག་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། ཟླ་11པར་ནུས་རྒྱུ་གསར་པའི་རླངས་འཁོར་དང་ཉི་ནུས་གློག་རྫས་ཀྱི་ཐོན་རྫས་ཀྱི་ཐོན་འབོར་དུས་མཚུངས་ལས་51.1%དང་10.9%སོ་སོར་འཕར་ཡོད་པ་རེད།

འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་གསར་པའི་ཕན་འབྲས་རྒྱུན་མཐུད་མངོན་ཞིང་། ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་བྲིན་ཚོང་ཚང་མ་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་11པར་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་། སྒྲ་བརྙན་ཡོ་བྱད་རིགས། ཁྱིམ་ཆས་རིགས། རླངས་འཁོར་རིགས་བཅས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་22.2%དང་། 10.5% 6.6%བཅས་སོ་སོར་འཕར་ཏེ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་རྒྱུར་སྐུལ་ཁྲིད་བྱེད་ཚད་མངོན་གསལ་དོད་དུ་ཕྱིན་ནས། འཛད་སྤྱོད་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ཧྥུའུ་ལིང་ཧུའེ་ཡིས“ཟླ་10པར་ས་ཁང་བདག་ཁོངས་ཁྲོམ་རར་འགྱུར་ལྡོག་བཟང་པོ་བྱུང་བ་དང་། ཟླ་11པར་ཁང་ཁྲོམ་དང་རྐང་དབང་ཁྲོམ་རའི་ཉོ་ཚོང་སྔར་བས་འཁྲུག་ཏུ་ཕྱིན་ནས་ཁྲོམ་ར་སྔོན་དཔག་ལས་ལེགས་སུ་ཕྱིན་ཏེ་རིན་གོང་མ་ཆག་བརྟན་འཕར་གྱི་ཕྱོགས་སུ་མུ་མཐུད་སྐྱོད་བཞིན་ཡོད་པས་དུས་མཇུག་གི་འཕེལ་ཕྱོགས་ད་དུང་མུ་མཐུད་ལེགས་སུ་འགྲོ་རེ་ཡོད”ཅེས་བཤད།