《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月25日

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

“མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་ལག་ལེན་ཡང་དུས་མཚམས་གསར་པར་སླེབས་ཡོད” ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པར“ནུས་ཤུགས་ཡོད་རྒུ་བཞིའི”རེ་བ་བཏོན་གནང་བ་དེའི་ནང་ཨའོ་མོན་གྱི་འཕེལ་རྒྱས་ལ་གཏིང་ཟབ་པའི་བསམ་གཞིག་དང་སྤུན་ཟླ་ཨའོ་མོན་བར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་འདུས་ཡོད་པས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་ཁ་ཕྱོགས་དང་བྱ་སྤྱོད་ཀྱི་ཁྲིད་སྟོན་མཁོ་འདོན་གནང་ཡོད།

འགག་རྩའི་དུས་སྐབས་དང་དུས་མཚམས་གསར་པས་ལས་འགན་གསར་པ་མཚོན་གྱི་ཡོད་ལ། གོ་སྐབས་དང་འགྲན་སློང་གསར་པའང་མཚོན་གྱི་ཡོད། དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ལས་འགན་གལ་ཆེན་ནས་བལྟས་ན། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བར་ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། འཕྲད་པའི་གོ་སྐབས་ལ་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ཤང་ཀང་དང་ཨའོ་མོན་གྱིས་ནུས་པ་དེ་བས་ལེགས་པ་འདོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་དེས་ཤང་ཀང་དང་ཨའོ་མོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་འདྲེས་བྱེད་པ་དང་། རང་ངོས་འཕེལ་རྒྱས་སྔར་ལས་ལེགས་པ་ཡོང་བར་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། འཕྲད་པའི་འགྲན་སློང་ལ་བལྟས་ན། མིག་སྔར་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། ནང་ཁུལ་འཕེལ་རྒྱས་ལ་འཕྲད་པའི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གདིང་རྩའི་གནད་དོན་མང་པོ་ཡོད་པ། ཡུལ་མི་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། དེ་དག་ཚང་མར་ང་ཚོས་ཤུགས་ཚད་དེ་བས་ཆེ་བ་དང་། ཆོད་སེམས་དེ་བས་ཆེ་བ། བྱ་ཐབས་དེ་བས་དངོས་སྒྲུབ་བཅས་ལ་བརྟེན་ནས་གོ་སྐབས་དམ་འཛིན་དང་། བློ་རྩ་བརྟན་པོས་སྒྱུར་བཅོས། བབ་བསྟུན་འཕྲལ་སྒྲུབ། འགན་འཁུར་ཕོད་པ་བཅས་བྱེད་དགོས།

དཔལ་འབྱོར་འོས་འཚམ་དང་སྣ་མང་ཅན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་ནུས་ཤུགས་ཡོད་རྒུས་སྐྲུན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ནུས་ཤུགས་ཡོད་རྒུ་བཞིར”དམིགས་ནས་བླང་བྱ་ཁ་གསལ་དང་དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་གནང་བ་དེའི་ནང་དུས་བབ་ཕྱག་གཟིགས་ཀྱི་འཐབ་ཇུས་འཆར་འགོད་ཡོད་ལ། གཏིང་ཟབ་ཅིང་ཞིབ་ཚགས་པའི་བྱེད་ཐབས་ཀྱི་མཛུབ་ཁྲིད་ཀྱང་ཡོད། མིག་སྔའི་གལ་ཆེ་ཤོས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར་ཨའོ་མོན་འཕེལ་རྒྱས་ཀྱི་ལྟེ་བའི་གནད་དོན་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་བླང་བྱ་དང་བྱ་ཐབས་དེ་དག་ལས་དོན་ཁག་ནང་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དེ་རེད།

དེ་སྔའི“ཆུ་ཤིང་ནགས་ཚལ་སྔོ་ཞིང་གྲོང་ཚོ་ཉུང་བའི”ཧེང་ཆིན་དུ་ད་ཆ་ཐོག་བརྩེགས་ཁང་ཆེན་འགྱིང་ངེར་གནས་པ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཏེ་གཡོད་ཨའོ་མཉམ་ལས་གཏིང་ཟབ་བྱེད་པའི་ལས་སྟེགས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི“འདུས་གནས”སུ་གྱུར་ནས་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་པ་སྟེ“གཡོད་ཀང་ཨའོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུ་དེ‘ཕུགས་འདུན་ནས་དངོས་ཡོད་དུ་འགྱུར་བ’ཞིག་རེད”དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་མཚམས་ཤིག་དང་ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་སྣ་མང་འཕེལ་རྒྱས་དང་། སྲ་བརྟན། མཐོར་གཏོང་བཅས་ཀྱི་འགག་རྩའི་དུས་མཚམས་ཤིག་རེད། ཟླ་12ཚེས་19ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེང་ཆིང་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་དུ་རྟོག་ཞིབ་གནང་སྐབས།“ཧེང་ཆིང་གསར་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་ངེས་པར་དུ་བློ་ལ་བརྟན་པོར་འཆང་རྒྱུ་ནི་ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་གཏོང་ཆེད་ཡིན”ཞེས་གསུངས་པ་དང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཟླ་12ཚེས་20ཉིན་གྱི་རྟེན་འབྲེལ་ཚོགས་ཆེན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང“ཀྲུང་དབྱང་གིས་ཧེང་ཆིན་གསར་སྤེལ་བྱ་རྒྱུའི་ཐག་བཅད་པ་དེའི་དམིགས་ཡུལ་ནི་ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་གྱི་སྣ་མང་འཕེལ་རྒྱས་གཏོང་བ་དང་ཨའོ་མོན་གྱི་ཡུལ་མིའི་འཚོ་བ་དང་ལས་ཞུགས་ལ་སྟབས་བདེ་སྐྲུན་ཆེད་ཡིན”ཞེས་ནན་བཤད་གནང་སྟེ། “ངེས་གནས་དེ་དང་མི་མཐུན་པའི་ཐོན་ལས་རྣམ་གྲངས་ཁ་ཤས་འཕེལ་རྒྱས་གཏོང་མི་རུང”ཞེས་བླང་བྱ་བཏོན་གནང་བ་དེར་དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཧེང་ཆིང་གསར་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་། འཆར་འགོད་དོན་འཁྱོལ་བརྟན་པོ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་མཉམ་སྦྲེལ་མཉམ་མཐུད”དང་། སྒྲིག་སྲོལ་ལམ་སྲོལ་གྱི“མཉེན་ཆས་མཉམ་སྦྲེལ་མཉམ་མཐུད”ཆིན་ཨའོ་ཡི་ཡུལ་མིའི“སེམས་པ་མཉམ་འབྲེལ”བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཏེ། ཆིན་ཨའོ་གཞི་གཅིག་ཅན་གྱི་ཆུ་ཚད་དེ་བས་མཐོ་རུ་བཏང་ཚེ། ཨའོ་མོན་འཕེལ་རྒྱས་ལ་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་དང་འགུལ་ནུས་གསར་པ་སྣོན་ཐུབ་ངེས་རེད།

“གཞོན་ནུ་ནི་ཨའོ་མོན་གྱི་རེ་བ་དང་འབྱུང་འགྱུར་ཡིན་ལ། ཨའོ་མོན་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་སྐྱེ་སྟོབས་ལྡན་པའི་སྟོབས་ཤུགས་ཀྱང་ཡིན” ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཞོན་ནུར་དེ་བས་གཅེས་སྐྱོང་བྱས་ནས་ཁོང་ཚོ་འཚར་ལོངས་ཡག་པོ་དང་། ཤེས་ལྡན་པར་འགྱུར་བ། ཕུགས་བསམ་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་དེ་བས་ལེགས་པའི་ཁོར་ཡུག་དང་ཆ་རྐྱེན་གཏོད་དགོས་པའི་ཐུགས་རེ་གནང་བ་མ་ཟད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཨའོ་མོན་དང་རྒྱལ་ཁབ་སེམས་ལ་འཆང་བ་དང་། ཕུགས་བསམ་ཆེན་པོ་འཆང་བ། ཏན་ཏན་ཏིག་ཏིག་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡག་པོ་བྱ་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད། དེ་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞོན་ནུའི་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཨའོ་མོན་གྱི་གཞོན་ནུ་ཚོར་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད།

ལོ་ཉེར་ལྔ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་རྒྱང་ལམ་གསར་པས་མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཐག་ཉེ་བ་དང་། ཡིད་ཆེས་ལྡན་པ་དང་ནུས་པ་གང་ཞིག་ལས་ཆེ་བ་ཡོད་ལ། ཨའོ་མོན་གྱིས་ཀྱང་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་བསུས་ཡོད། མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཚེ། ཨའོ་མོན་གྱིས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་དང་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་གཞི་དེ་གོམ་སྟབས་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད། (ཉི་དོན་དང་བདེ་དབང་གིས་སྒྱུར་ཞུས་བྱས)