《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月23日

དངུལ་རྩའི་དཔྱིད་རླུང་འདྲེན་ཐང་ཕྱོགས་སུ་ལྡང་།

མགོན་པོ་ཚེ་བརྟན་གྱི་ཕྱུག་འགྱུར་ལམ་བུ།

འདྲེན་ཐང་གྲོང་རྡལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ལྷོ་ནུབ་རྒྱུད་ཀྱི་འདྲེན་ཐང་རོང་དུ་གནས་པ་དང་། དེ་སྔ་གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ཤང་དང་གྲོང་རྡལ་འབའ་ཞིག་དེ་རེད། ཉེ་བའི་ལོ་ཤས་རིང་། གཟར་ནས་འདྲེན་ཐང་བར་གཞུང་ལམ་གྱི་དུམ་བུ་མཇུག་ཤོས་ཏེ། གཙང་ཁ་གྲོང་ཚོ་ནས་འདྲེན་ཐང་གྲོང་རྡལ་དུམ་བུ་བར་གྱི་ཨར་འདམ་ལམ་བཏིང་སྟེ་མཐའ་མཚམས་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་གོ་སྐབས་གསར་པ་སྦྱིན་ཡོད་པ་རེད།

མགོན་པོ་ཚེ་བརྟན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འདྲེན་ཐང་བ་ཞིག་ཡིན་པ་དང་ཁོང་གིས་འདྲེན་ཐང་གྲོང་རྡལ་དུ་མགྲོན་ཁང་ཞིག་གཉེར་བཞིན་ཡོད། 2019ལོའི་གོང་། ཁོང་གི་མགྲོན་ཁང་དེ་ཐོག་སོ་ཉིས་ལྡན་གྱི་དམངས་སྲོལ་གནས་ཚང་ཞིག་ཡིན་པ་དེར་ཉལ་ཁྲི་20ཤོང་ཙམ་ལས་མེད། ལོ་5སོང་རྗེས་མགོན་པོ་ཚེ་བརྟན་གྱི་གཏིང་སྐྱེས་ཀརྨ་རོང་གི་གསོལ་མགྲོན་ཁང་ཆེ་མོ་དེ་ཐོག་སོ་4དང་ཉལ་ཁང་36ཡོད་པའི་མགྲོན་ཁང་ལ་རིམ་སྤོར་བྱུང་ཡོད།

2018ལོར་གཞུང་ལམ་བསྐྲུན་རྗེས་འདྲེན་ཐང་གྲོང་རྡལ་དེ་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ་དེ་གར་ཡུལ་སྐོར་དང་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་ཇེ་མང་དུ་སོང་ནས་མགོན་པོ་ཚེ་བརྟན་གྱི་དམངས་སྲོལ་གནས་ཚང་རྒྱས་སྐྲུན་རིམ་སྤོར་དང་སྒྱུར་བཀོད་སྒྲིག་བཟོ་བྱེད་དགོས་བྱུང་ཡོད། འོན་ཀྱང་མ་དངུལ་མི་འདང་བ་དང་མ་དངུལ་བསྡུ་རྒྱུག་གི་དཀའ་ངལ་སོགས་གནད་དོན་གྱི་རྐྱེན་པས་མགོན་པོ་ཚེ་བརྟན་གྱི་བསམ་འདུན་འགྲུབ་དཀར་བར་གྱུར། ཁོང་སེམས་ཁྲལ་གྱི་གནས་སུ་གྱར་སྐབས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་འབྲེལ་ཡོད་དངུལ་བུན་གཏོང་བའི་ལས་སྒོ་གཉེར་བ་ཤེས་འཕྲལ་མགོན་པོ་ཚེ་བརྟན་གྱིས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཉིང་ལག་དངུལ་ཁང་ལ་རེ་ཞུ་ཕུལ།

“སྐབས་དེ་དུས་ང་ཚོས་ཁོང་མི་སྒེར་གྱི་ཡིད་རྟོན་ལ་ཚོད་སྐོར་བྱས་ནས་ཁོང་ལ་གྲངས་བཅད་སྒོར་ཁྲི་80སྤྲད་པ་ཡིན”ཞེས་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཉིང་ལག་དངུལ་ཁང་གི་ཚོང་ཤག་ཅིང་ལི་ཚེ་རིང་རྒྱལ་པོས་བཤད།

དངུལ་བུན་རག་རྗེས་མགོན་པོ་ཚེ་བརྟན་གྱིས་འཕྲལ་དུ་བྱ་སྤྱོད་སྤེལ་བས་གཏིང་སྐྱེས་ཀརྨ་རོང་གི་གསོལ་མགྲོན་ཁང་ཆེ་མོ་གསར་རྐྱང་ཞིག་བསྐྲུན་ཐུབ་ཡོད།

“ད་ཆ་ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་སྐབས་གསོལ་མགྲོན་ཁང་གིས་ཟླ་རེར་མི་ཐེངས་1800ནས་2000ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པས་ཡོང་འབབ་མང་པོ་འདུག་ལ་དངུལ་བུན་སྔ་སྣུར་དུའང་འཇལ་ཟིན”ཞེས་མགོན་པོ་ཚེ་བརྟན་གྱིས་བཤད།

མིག་སྔའི་ཁོང་གི་འཆར་གཞི་ནི་གསོལ་མགྲོན་ཁང་སྔར་བས་རྒྱས་སྐྲུན་བྱ་རྒྱུ་དེ་རེད། ཁོང་གིས“དངུལ་རྩའི་དཔྱིད་རླུང་ཁྲོད་མུ་མཐུད་མདུན་སྐྱོད་བྱས་ནས་མཛེས་སྡུག་ལྡན་ལ་འབྱོར་ཕྱུག་གི་འཚོ་བ་གསར་པ་གཏོད་རྒྱུ་ཡིན”ཞེས་ཁོང་གིས་བཤད།

(ཤིན་ཧྭ་གསར་འགྱུར་དྲ་བ་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)