ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་བོད་ལྗོངས་སུ་5Gསྦྲེལ་ཚུགས་7035གསར་དུ་བཙུགས་པར་མིག་སྔར་རིམ་རྩིས་བྱས་ན་སྦྲེལ་ཚུགས་ཁྲི་1.7ལྷག་ཙམ་བཙུགས་པ་དང་ཤར་གཏོང་ཐུབ་ཡོད། སྲིད་འཛིན་གྲོང་ཚོ་70%ཡན་ལ་5Gདྲ་རྒྱ་ཤར་གཏོང་ཐུབ་ནས་མང་ཚོགས་དེ་བས་མང་བའི་འཕྲིན་གཏོང་དགོས་མཁོ་བསྐངས་ཡོད་པ་རེད།
དེ་ནི་ཚེས་17ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་རེད།
བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མགོན་པོ་རྡོ་རྗེས། འདི་ལོ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁུལ་དང་གནས་ཡུལ་1100ལྷག་ཙམ་ལ་དམིགས་ཏེ་འཕྲིན་གཏོང་འཛུགས་སྐྲུན་དང་ཞབས་ཞུའི་ལས་དོན་སྤེལ་བར། བསྡོམས་མ་དངུལ་སྒོར་དུང་ཕྱུར་3.94བཏང་བའི་ནང་སྲིད་དོན་ཞབས་ཞུའི་ལྟེ་གནས་60དང་། རིག་གནས་ཡུལ་སྐོར་གནས་ཡུལ་56 འཕྲོད་བསྟེན་བདེ་ཐང་སྒྲིག་གཞི་142 སྡོད་གནས་ཁུལ་ཆུང་398སོགས་ཚུད་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
5Gདྲ་རྒྱ་རྒྱ་ཁྱབ་ངང་ཁྱབ་པ་དེས་མང་ཚོགས་ལ་སྟབས་བདེ་མང་པོ་བསྐྲུན་ཡོད། དེ་སྔ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་ལས་ཀ་བྱེད་མྱོང་བའི་ཟོག་འདྲེན་ཁ་ལོ་བ་འཇམ་དབྱངས་ཆོས་འཕེལ་གྱིས“ད་ཆ་གྲོང་ཚོའི་ནང་གཉེན་ཉེ་དང་གྲོགས་པོ་ཚོར་ཁ་པར་རམ་ཡང་ན་སྐད་འཕྲིན་ནས་འབྲེལ་བ་བྱེད་ཐུབ་ཀྱི་འདུག”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཐག་རིང་ལུང་ཁུག་རྫོང་གྲོང་ཡིན་ནའང་འདྲ། ཡང་ན་བོད་ནས་འགྲོ་འོང་བྱེད་པའི་འགྲོ་ལམ་ཨ་མ་དང་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་གང་ཡིན་རུང་འཕྲིན་གཏོང་གི་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། འཕྲིན་གཏོང་དོ་དམ་སྡེ་ཚན་དང་གློག་འཕྲིན་ཁེ་ལས་མང་པོས་G109དང་། G214 G317 G318སོགས་རྒྱལ་ལམ་གྱི་མ་ལམ་གཙོ་བོ་དང་ཀུན་གྱིས་དགའ་པོ་བྱེད་པའི་ཡུལ་སྐོར་ལམ་ཐིག་ཁྱབ་ཁོངས་གཙོ་བོའི་ནང་བཅུག་ནས་འཕྲིན་གཏོང་སྦྲེལ་ཚུགས་79གསར་དུ་བཙུགས་པ་རེད།
གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་ཀྱི་གཙོ་གནད་གཞུང་ལམ་དུ་4Gདང་5Gཕྱོགས་བསྡུས་ཁྱབ་ཚད་85%ལས་བརྒལ་ཡོད། ཤང་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་འཕྲིན་གཏོང་ཐད་བོད་ཀྱིས་ན་ནིང་5Gདྲ་རྒྱ“ཤང་ཚང་མར་ཤར་གཏོང་ཐུབ་པའི”རྨང་གཞིའི་ཐོག་5Gདྲ་རྒྱ་དེ་ཞིང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ཀྱིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆ་འཕྲིན་འཕྲིན་གཏོང་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། དྲ་རྒྱའི་བདེ་འཇགས་དང་གྲངས་གཞིའི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)