《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月23日

ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཆང་སྟོན་བཤམས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཆང་སྟོན་བཤམས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་དང་ཧོ་དབྱི་ཁྲེང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ་ཡི་ཆེད་མངགས་པ་ལིའུ་ཤན་ཧྥ། ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་། དེ་བཞིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ལས་རིགས་ཁག་གི་མི་སྣ་1400ལྷག་ཙམ་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་སྤྱོད་པའི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་ཕྱོགས་བསྡུས་སྒྲིག་གཞིས་བཤམས་པའི་ཆང་སྟོན་ལ་ཞུགས་པ་རེད།

ཚེན་ཧའོ་ཧུའེ་ཡིས་ཤིས་ཚིག་ནང་། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་གི་སྣེ་ཁྲིད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་དེ་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་གཏོད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས“འབད་འབུངས་མཉམ་སྐྱོད་དང་དྲང་གཞག་གསར་བཅོས”དེ་སྲིད་སྐྱོང་གི་འདུ་ཤེས་སུ་བརྩིས་ནས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བཅས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་དང་གནམ་ཕྱུག་རྒྱལ་གྱིས་ཞུས)