འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཀྲུང་དབྱང་ཁེ་ལས་འགོ་ཁྲིད་ཚན་ཁག་གིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ལི་ཀན་ཅེ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལི་ཀན་ཅེ་ཡིས་ནན་བཤད་གནང་དོན། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོའི་ཐོག་ནས་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པ། གསར་གཏོད་ཀྱི་ཕན་འབྲས་ལེགས་པ། ཏང་འཛུགས་སྐྱོང་གི་ནུས་པ་ལེགས་པ། སྤྱོད་ཚུལ་གྱི་གཟུགས་བརྙན་ལེགས་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཀྲང་གོ་ཆིང་གིས་ནན་བཤད་གནང་དོན། སྐོར་ཞིབ་དང་རྩིས་བཤེར་གྱི་གནད་དོན་དག་ཐེར་དམ་འཛིན་བྱ་གཞིར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་རྣམ་པ་བཟང་པོ་ཞིག་ཏན་ཏིག་ཆགས་པར་བྱེད་དགོས། གཞུང་ཁོངས་དཔལ་འབྱོར་གྱི་རིན་ཐང་འཕར་མའི་ཞིབ་རྩིས་དང་། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། གཙོ་འགན་གཙོ་ལས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གོ་རིམ་ཡོངས་ལ་རྟོལ་ཤུགས་རྣམ་པའི་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས།