ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་12ཚེས་18ནས་ཚེས་20ཉིན་བར་ཀྲེ་ཅང་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་དཔལ་འབྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་གསར་འབྱེད་ཡར་བརྩོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱས་རྗེས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཧང་ཀྲོའུ་རུ། ལི་ཆང་གྲོང་ནུབ་ཚན་རྩལ་གསར་གཏོད་ཀྱི་བར་ཁྱམས་ཆེན་པོའི་འབྱུང་འགྱུར་ཚན་རྩལ་གྲོང་གི་འགྲེམས་ཁང་དུ་ཕེབས་ཏེ་གླིང་ཁུལ་འཛུགས་སྐྲུན་གྱི་སྙན་སེང་གསན་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་ནས་ཀྲེ་ཅང་ཚོད་ལྟ་ཁང་དུ་ཕེབས་ཏེ་གཙོ་གནད་ཚན་ཞིབ་རྣམ་གྲངས་ཀྱི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན། ཚན་རྩལ་འཕོ་འགྱུར་གྱི་རླབས་རྒྱུན་ལ་རང་འགུལ་ངང་དམ་འཛིན་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་ཤུགས་ཆེན་བྱེད་པ། རྩིས་ནུས་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གསར་གཏོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་ཐབས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་བརྟེན་རང་འབད་ཐུབ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
ཧྲའོ་ཤིང་དུ། ལི་ཆང་ཀྲེ་ཅང་ཞིང་ཆེན་དེང་རབས་འཁེལ་འཐག་ལག་རྩལ་གསར་གཏོད་ལྟེ་གནས་དང་ཉིང་ལྷེབ་འབྲེལ་མཐུད་འདུས་གྲུབ་གློག་ལམ་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་འཁེལ་འཐག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འདུས་གྲུབ་གློག་ལམ་ལག་རྩལ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་འགུལ་ནུས་གསར་པ་སྐྱེད་སྲིང་དང་འགུལ་ནུས་རྙིང་པ་གསར་བརྗེས་བྱ་རྒྱུར་སྤྱི་འདོམས་ཡག་པོ་བྱ་རྒྱུ་ནི་བསམ་གཞིག་བྱ་གཞི་གལ་ཆེན་ཞིག་རེད། ཁེ་ལས་ཀྱིས་ཞིབ་འཇུག་དང་གསར་སྤེལ་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཡུལ་རྣམ་གསར་པ་བཅས་གཞི་ཁྱོན་ཆེན་པོས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཅ་ཤིང་དུ། ལི་ཆང་ཡོན་ཐུང་ཤར་ཕྱོགས་གནམ་ས་གྲུ་ཁ་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ཅ་ཤིང་གི་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཟོག་འགྲེམས་ལྟེ་གནས་རྣམ་གྲངས་ཀྱི་འཕེལ་རིམ་ངོ་སྤྲོད་གསན་པ་དང་འབྲེལ་ཚའེ་ཨའེ་ཕུའུ་ཚོང་སྤྱོད་རླངས་འཁོར་ནུས་པའི་སྤྱི་ཁྱབ་པུའུ་དང་འཕྲུལ་སྒུལ་མ་ལག་ཐོན་སྐྱེད་རྟེན་གཞིར་ཕེབས་ནས་ཁེ་ལས་ཀྱི་ཞིབ་སྤེལ་ཐོན་སྐྱེད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ་དང་། སྣ་མང་མཉམ་འདྲེན་འཕེལ་རྒྱས་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་དེ་བས་མང་བར་ཁྱབ་འགྱེད་དང་སྐུལ་ཁྲིད་བཅས་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་ཤིང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་གནང་སྐབས། ཁོང་གིས་ཀྲུང་གོས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྲུང་གོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཁྱབ་ཁོངས་དེ་བས་མང་བར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་ལ་ཕྱོགས་རིས་མེད་པར་རྒྱབ་སྐྱོར་བཅས་བྱས་ནས། ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ལི་ཆང་གིས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁེ་ལས་ཀྱི་འགན་འཁུར་བའི་གཏམ་བཤད་གསན་ཞིང་། ཀྲེ་ཅང་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས་དཔའ་ངར་ཆེན་པོས་འགན་འཁྲི་གཙོ་བོ་འཁུར་བ་དང་། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བ། གསར་གཏོད་དང་ཚད་བརྒལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་མདུན་གྲལ་དུ་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། དམ་ཆོས་ཀྱིས་ཞུས)