འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་འགན་བཞེས་མ་ཐག་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཡིས་རང་འགན་གཙང་སྒྲུབ་དང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ། ཨའོ་མོན་གྱི་དམིགས་བསལ་གནས་བབ་དང་ལེགས་ཆ་གང་ལེགས་འདོན་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་མཉམ་འདྲེས་ཐུབ་པ། རྒྱལ་ཁབ་ཁག་དང་ས་ཁུལ་ཁག་དབར་གྱི་འགྲོ་འོང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཨའོ་མོན་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་ཆེད་ལེགས་སྐྱེས་ཆེན་པོ་འབུལ་རྒྱུའི་ཡིད་ཆེས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འགན་ནུས་ལག་བསྟར་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཚེན་ཧའོ་ཧུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ངས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་བྱས་རྗེས་འཇོག་པ་དང་བློ་ཐག་ཆོད་པོས་གསར་སྒྱུར་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་གྱིས་ཨའོ་མོན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གྲུབ་འབྲས་ཐོབ་པའི་ངང་ལག་ལེན་ཡོང་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།