འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཨའོ་མོན་དུ་སྤེལ་བའི་བྱེད་སྒོ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་སྟེ་ཨའོ་མོན་ནས་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཟླ་12ཚེས་18ཉིན། ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་འབྱོར་ཟིན་ཞིང་། ཨའོ་མོན་དུ་བཞུགས་རིང་། ཞི་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ། དེ་བཞིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་བཅས་ལ་ཞུགས་པ་དང་། ཧོ་ཧོའུ་ཧྭ་དང་། ཚུའེ་ཧྲི་ཨན། ཧོ་དབྱི་ཁྲེང་། ཚེན་ཧའོ་ཧུའེ་བཅས་དང་དེ་བཞིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྒྲིག་ཁྲིམས་དཔུང་སྡེའི་འཐུས་མི། ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་ལས་ཁུངས་དང་ཀྲུང་གོའི་མ་འཇོག་ལས་ཁུངས་གཙོ་བོའི་འགན་འཁུར་བར་གཟིགས་པ། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བ། ཨའོ་མོན་ཚན་རྩལ་སློབ་ཆེན་དང་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་དུ་རྟོག་ཞིབ་བཅས་གནང་ནས་ཨའོ་མོན་གྱི་དམངས་ཚོགས་དང་འབྲེལ་གཏུག་དང་སྤེལ་རེས་རྒྱ་ཁྱབ་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་ཀྱང་གནང་བ་རེད།
ཕེབས་སྐྱེལ་ཞུ་བའི་མཛད་སྒོར་ཨའོ་མོན་གྱི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་མེ་ཏོག་སོས་པ་ཕུལ་བ་དང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕེབས་སྐྱེལ་དུ་བཅར་བའི་མི་སྣར་ཕྱག་བཏང་བ་དང་ཕེབས་སྐྱེལ་ཞུ་མཁན་དཔུང་སྡེར་ཕྱག་གཡུག་གཡུག་གནང་ནས་ཁོང་ཚོར་ཞལ་གྱེས་ཞུས་པ་རེད།
ཚའེ་ཆི་དང་། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཝང་ཏུང་ཧྥུང་སོགས་གནམ་གྲུ་གཅིག་ལ་བཞུགས་ནས་ཨའོ་མོན་ནས་ཞལ་གྱེས་པ་རེད།