འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ལས་ཁུངས་ཀྱི་འགན་འཁུར་བར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དོ་དམ་བཅོས་སྐྱོང་ཚོགས་པ་ནི་ལོ་ན་གཞོན་ལ་འཇོན་ཐང་ཆེ་བ་དང་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཡིན་པས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད། ཚང་མས་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་རྒྱལ་ཁབ་དང་ཨའོ་མོན་ལ་འགན་འཁུར་ནས། རྒྱལ་ཁབ་དང་། ཨའོ་མོན། རང་ཉིད་བཅས་ལ་ངོ་གནོང་མི་དགོས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་ཐོབ་པར་བྱེད་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ཚང་མར་རེ་བ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་སྤྱི་ཡོངས་ཀྱི་འདུ་ཤེས་བཙུགས་ཏེ་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་ཨའོ་མོན་གྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་མཁས་པོ་བྱེད་པ་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་དངོས་སྒྲུབ་འགན་འཁུར་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་གཏོད་པ་བཅས་བྱས་ནས་ཨའོ་མོན་གྱི་དུས་བདེ་ལྷིང་འཇགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ། གསུམ་ནས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་དཔོན་གྱི་སྣེ་ཁྲིད་འོག ཁྱབ་ཁོངས་དང་སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས་པ། བཞི་ནས་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱས་ཏེ་ཨའོ་མོན་གྱི་གྲོང་མིའི་འཚོ་བའི་མཁོ་ཆས་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་འཇོག་པ་དང་ལག་ནང་གི་དབང་ཆ་གཟབ་ནན་ངང་སྤྱད་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་སྤྱོད་གཙང་དང་གཞུང་དྲང་གི་དཔོན་པོ་བཟང་པོ་ཞིག་བྱེད་དགོས།
(ལྷག་ཚེས་བསྒྱུར། རིག་རྡོར་གྱིས་ཞུས)