《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月22日

ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བ།

འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བཞིན་པ།

ཟླ་12ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ་ཚང་མ་དང་ལྷན་ཞུགས་དྲན་རྟེན་སྐུ་པར་སྐྱོན་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་སྐབས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་བསྟར་བ། དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འགོག་སྲུང་ལས་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། མཚོ་རྟེན་ཀ་བ་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་གྱི་རྣམ་པ་གསར་པ་མུ་མཐུད་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་འགག་སྒོ་གསར་པའི་དམག་སྒར་དུ་ཕེབས་ཤིང་། ཐོག་མར་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། གཟིགས་ཞིབ་དང་ལེན་ཞུ་མཁན་དཔོན་དམག་དང་དམག་མིའི་ཉམས་འགྱུར་སྒམ་བརླིང་དང་ངར་ཤུགས་ཆེན་པོ་ལྡན་པ་ཞིག་ཡོད། རྔམ་བརྗིད་ལྡན་པའི་དམག་གཟིགས་མཛད་སྒོའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་སྟར་གྲུ་བཞི་དང་། འགོག་སྲུང་དམག་འཐབ་རུ་སྟར་གྲུ་བཞི། ཟིང་འགོག་བྱ་སྤྱོད་རུ་སྟར་གྲུ་བཞི། འཇིགས་རྒོལ་བྱ་སྤྱོད་རུ་སྟར་གྲུ་བཞི། འཕྲལ་སྡོམ་རོགས་སྐྱོབ་རུ་སྟར་གྲུ་བཞི་བཅས་ལ་གཟིགས་ཞིབ་གནང་བ་རེད། “བློ་མཐུན་ཚོ་སྐུ་ཁམས་བཟང” “ཀྲུའུ་ཞི་ལགས་སྐུ་ཁམས་བཟང”“བློ་མཐུན་ཚོ་དཀའ་ལས་ཁག་སོང” “མི་དམངས་ལ་ཞབས་འདེགས་ཞུ”ཞེས་ཞི་ཅིན་ཕིང་གིས་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་དུས་དཔོན་དམག་ཚོས་སྐད་གསང་མཐོན་པོས་ལན་བཏབ་པ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་ཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ལོ་25ཡི་རིང་། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དཔུང་སྡེའི་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། ལས་འགན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན། ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་བཅས་སྲུང་སྐྱོང་བྱ་ཆེད་ནུས་ཤུགས་གལ་ཆེན་བཏོན་པས་རྒྱ་ཆེའི་ཨའོ་མོན་སྤུན་ཟླའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་གནས་བབ་དང་ནུས་པ་དམིགས་བསལ་ཆེ་བ་དང་། འགན་འཁྲི་དང་ལས་འགན་དམིགས་བསལ་ཆེ་བ། བཅའ་སྡོད་ཁུལ་གྱི་ཁོར་ཡུག་དམིགས་བསལ་ཆེ་བ་བཅས་ཡིན་པས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དཔུང་སྡེས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་འགན་ལེན་བྱེད་དགོས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། དམག་འཐབ་རུ་ཁག་གི་འདུ་ཤེས་ཆེ་རུ་གཏོང་བ། འགོག་སྲུང་ལས་སྒྲུབ་ཀྱི་བླང་བྱར་དམིགས་ནས་དམག་སྦྱོང་དང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ནུས་ལྡན་ངང་སྒྲུབ་དགོས། ཁྲིམས་ལྟར་འགན་བསྒྲུབ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བ། དཔུང་སྡེའི་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་མཐའ་འཁྱོངས་བཅས་བྱས་ཏེ་རང་རེའི་དམག་དཔུང་གི་ཟིལ་རྔམ་ལྡན་པའི་དཔུང་སྡེ་དང་ཡ་རབས་ཚུལ་ལྡན་གྱི་དཔུང་སྡེའི་གཟུགས་བརྙན་དེ་བས་ལེགས་པར་མངོན་དགོས།

(རིག་རྡོར་གྱིས་བསྒྱུར། ལྷག་ཚེས་ཞུས)