འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་པ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དགུན་དུས་གཞུང་ལམ་བདེ་འཇགས་དང་ཤར་བགྲོད་ཐུབ་པར་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་འཇགས་དང་། སྟབས་བདེ། ཤར་བགྲོད་བཅས་ཀྱི་ཆ་རྐྱེན་བསྐྲུན་ཆེད། དགུན་ཁ་ཤར་ཚུན། རྔ་པ་ཀྲོའུ་ཡི་གཞུང་ལམ་ཁོངས་གཏོགས་ཀྱིས་ཆུ་མ་ཤོར་གོང་ནས་རགས་བརྒྱབ་སྟེ་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་དགུན་དུས་གཞུང་ལམ་བདག་སྐྱོང་དོ་དམ་ལས་དོན་ཧུར་ཐག་བསྒྲུབས་ཏེ། མང་ཚོགས་དང་རླངས་འཁོར་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པར་གཡས་གཞོགས་གཡོན་འདེགས་བྱས་པ་རེད། རྔ་པ་ཀྲོའུ་ཡི་གཞུང་ལམ་མ་ལག་གི་འཐབ་ས་དང་པོའི་བདག་སྐྱོང་བཟོ་པས་གྲང་ངར་ལ་མ་འཛེམས་པར་བདག་སྐྱོང་ལམ་དུམ་ལམ་ངོས་ཀྱི་གས་སྲུབས་དང་། ས་དོང་། ཟམ་པ། ཕུག་ལམ་གྱི་འཕྲུལ་གློག གཞུང་ལམ་ལམ་རྒྱུད་ཀྱི་མཚོན་རྟགས་ལམ་ཐིག འགོག་སྲུང་ར་བ་སོགས་བདེ་འཇགས་སྒྲིག་བཀོད་ལ་གནས་པའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་མེད་པར་མཐའ་གཅིག་ཏུ་བཟོས་ནས་རྔ་པ་ཀྲོའུ་ཡི་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་གཞུང་ལམ་འཁོར་སྐྱོད་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད། རིམ་རྩིས་བརྒྱབ་ན་མིག་སྔའི་བར་ལམ་ངོས་ཀྱི་ས་དོང་སྨི་ངོས་གྲུ་ཁྲི་1.05ལྷག་ཙམ་དང་། ལམ་ངོས་ཀྱི་ཆུ་ཡུར་སྤྱི་ལེ་5300ལྷག་ཙམ། ཟམ་པའི་སྲུབས་ཀ་3600ལྷག་ཙམ། ལམ་འོག་གི་ཆུ་འགྲོ་2720ལྷག་ཙམ་བཅས་བཟོས་པ་དང་། ཕུག་ལམ་གཙང་ཕྱགས་ཐེངས་50ལྷག་ཙམ་བྱས་པ། ཕུག་ལམ་གྱི་འཛུལ་ས་དང་དོན་སར་རྡུང་འགོག་ཟོམ་380ལྷག་ཙམ་བསྣན་པ། འགོག་སྲུང་ར་བ་སྤྱི་ལེ་20ལྷག་ཙམ་བཟོ་བཅོས་དང་ཉམས་བཟོ་བྱས་པ་རེད།
རྔ་པ་ཀྲོའུ་ཡི་གཞུང་ལམ་ཁོངས་གཏོགས་ཀྱིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ནས་སྔ་སྣུར་དུ་ཁུག་ཀྱོག་དང་། གྱེན་ཐུར་རིང་པོ། ཟམ་པ། ཕུག་ལམ་སོགས་འཁྱགས་པ་ཐེབས་སླ་བའི་ལམ་དུམ་དུ་འདྲེད་འགོག་དངོས་རྫས་བཞག་ནས། གངས་འཁྱཌ་ཀྱི་གནམ་གཤིས་བསྟན་སྐབས་གངས་གཤོང་དང་འདྲེད་འགོག་གི་ལས་དོན་མགྱོགས་མྱུར་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
གཞན་ཡང་གངས་གསོག་དང་འཁྱགས་པ་ཐེབས་པའི་གནམ་གཤིས་བསྟན་སྐབས་རྔ་པ་ཀྲོའུ་ཡི་གཞུང་ལམ་ཁོངས་གཏོགས་ཀྱིས་འཕྲལ་དུ་བདག་སྐྱོང་མི་སྣ་དང་འཕྲུལ་ཆས་སྒྲིག་ཆས་སྒྲིག་འཛུགས་བྱས་ཏེ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་ཐོག་ནས་གངས་གཤོང་དང་བགྲོད་ལམ་ཤར་གཏོང་འགན་ལེན་གྱི་ལས་དོན་སྤེལ་བ་དང་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཉུང་དུ་གཏོང་གང་ཐུབ་བྱས་པ་མ་ཟད། ཉེན་གྱར་རླངས་འཁོར་དང་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་ཀྱང་བྱས་པ་རེད། མིག་སྔའི་བར། རྔ་པ་ཀྲོའུ་ཡི་གཞུང་ལམ་ཁོངས་གཏོགས་ཀྱིས་ཁྱོན་གངས་གཤོང་མཁན་མི་ཐེངས་4100ལྷག་ཙམ་སྒྲིག་འཛུགས་དང་འཕྲུལ་ཆས་སྒྲིག་ཆས་ཐེངས་680ལྷག་ཙམ་བཏང་བ་དང་གངས་བཞུར་རྫས་ཕྱེ་ཏུན་170ལྷག་ཙམ་དང་འདྲེད་འགོག་བྱེ་རྡོ་སྨི་རྒྱ་དཔངས་གྲུ་བཞི་220ལྷག་ཙམ་སྤྱད་པ་རེད།
(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)