《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月21日

ཞི་ཅིན་ཕིང་གིས་ཧོ་ཧོའུ་ཧྭ་དང་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ།

འདི་ནི་ཟླ་12ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་རྣམ་གཉིས་ལ་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཧོ་ཧོའུ་ཧྭ་དང་ཚུའེ་ཧྲི་ཨན་ལ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་ཨའོ་མོན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་གྲུབ་འབྲས་དེ་དག་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། ཁྱེད་གཉིས་ཀྱིས་སྲིད་འཛིན་དཔོན་གྱི་འགན་སྔ་རྗེས་སུ་བཞེས་ཤིང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་སྣེ་ཁྲིད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ། འདི་གའི་ཕུགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་བཏིང་ཡོད། ཨའོ་མོན་ལ་དེང་གི་རྣམ་པ་བཟང་པོ་དེ་ལྟ་བུ་བྱུང་བར་ཁྱེད་ཚོས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཁྱེད་ཚོས་གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་འཕེལ་བར་རྒྱབ་སྐྱོར། ཨའོ་མོན་དང་ནང་སའི་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། ཨའོ་མོན་གྱི་འཆར་འགོད་དང་འཆར་གཞི་ངོ་སྤྲོད། ཨའོ་མོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མུ་མཐུད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

ཧོ་ཧོའུ་ཧྭ་དང་ཚུའེ་ཧྲི་ཨན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་ལྕག་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླད་ཕྱིན་ཨའོ་མོན་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དཔོན་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཨའོ་མོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)