འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། པེ་ཅིང་གི་དུས་ཚོད་ཚེས་17ཉིན་གྱི་ཆུ་ཚོད་21དང་སྐར་མ་57ལ། ཆུ་ཚོད་9རིང་གྲུ་ཚང་ནས་དོན་པ་བརྒྱུད་ལྷ་གྲུ་ཨང་བཅུ་དགུ་པའི་ཚོ་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཤུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ། བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ཀྱི་ལག་པ་དང་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་བར་སྣང་ས་ཚིགས་ཀྱི་བར་སྣང་གི་འགོག་སྲུང་སྒྲིག་ཆས་ཐར་ཐོར་སྒྲིག་སྦྱོར་དང་གྲུ་ཚང་ཕྱིའི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྐོར་བཤེར་དང་། དེ་བཞིན་ཐག་གཅོད་སོགས་ཀྱི་ལས་འགན་ལེགས་པར་བསྒྲུབས་པ་རེད། གྲུ་ཚང་ནས་དོན་མཁན་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཤུས་ཀྲེ་དང་སུང་ལིང་ཏུང་བདེ་འཇགས་ངང་མཁའ་འདྲི་ཚོད་ལྟ་ཚང་དུ་ཕྱིར་ལོག་ཟིན་པ་དང་། ཚོ་ཆུང་གི་གྲུ་ཚང་ནས་དོན་ཐེངས་དང་པོ་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་སྟེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་གྲུ་ཚང་ནས་དོན་པའི་དུས་ཡུན་གྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་རེད། འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཤུས་ཀྲེས་ལོ་གཉིས་སོང་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པ་དང་། སུང་ལིང་ཏུང་ནི་རང་རྒྱལ་གྱི་གྲུ་ཚང་ནས་དོན་མཁན་90ནང་སྐྱེས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཡོད།
འཆར་གཞི་ལྟར་ན། ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་རིང་ད་དུང་མི་སྣ་དང་སྒྲིག་ཆས་གྲུ་ཚང་ནས་དོན་རྒྱུ་མ་ཟད། ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་མང་པོའང་བྱ་རྒྱུ་ཡིན་པ་རེད།