འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཧའེ་ཆིས།
སུའུ་རི་ནམ་གྱི་རྒྱལ་ས་ཕ་ར་མ་རི་པོ་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པའི་པོ་ཨའེ་ཁའེ་ཏི་གྲོང་ཚོ་ནགས་ཁྲོད་དུ་ཆགས་སྟབས་འགྲོ་ལམ་རང་རོང་ཆེ་ལ་འགྲིམ་འགྲུལ་ཡང་སྟབས་བདེ་མེད་པས། རྒྱལ་ས་ནས་རླངས་འཁོར་ལ་ཆུ་ཚོད་2ལྷག་ཙམ་བསྡད་རྗེས་མུ་མཐུད་ཤིང་གྲུར་བསྡད་ནས་དྲག་ཏུ་རྒྱུག་པའི་ཆུ་བོའི་ཉེན་ཁ་ལས་བསྒྲལ་ན་གཞི་ནས་གྲོང་ཚོར་སླེབས་ཀྱི་ཡོད། ཐག་རིང་ལུང་ཁུག་ཡིན་པའི་དབང་གིས་པོ་ཨའེ་ཁའེ་ཏི་གྲོང་ཚོར་སུའུ་རི་ནམ་རྒྱལ་ཁབ་ཀྱི་གཅིག་གྱུར་གློག་དྲ་སྦྲེལ་ཐབས་བྲལ་རྐྱེན་ད་བར་གློག་ཤུགས་མཁོ་འདོན་བརྟན་པོ་མེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཅང་ཤིས་ཞིང་ཆེན་གློག་ཤུགས་འཛུགས་སྐྲུན་ཚད་ཡོད་ཀུང་སིས(གཤམ་དུ“ཅང་ཤིས་གློག་ཤུགས་འཛུགས་སྐྲུན”ཞེས་བསྡུ་རྒྱུ)སྐྲུན་འགན་ཁུར་བའི་གློག་དྲ་ཆུང་གྲས་ཀྱི་འོད་ཤུགས་རྣམ་གྲངས་མ་བསྐྲུན་གོང་ཡུལ་མི་ཚོར་ལོ་ལྟར་གློག་ཤུགས་མཁོ་འདོན་བརྟན་པོ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད།
“དེ་སྔ་གྲོང་ཚོས་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་ཆས་ཁག་གཅིག་ལ་བརྟེན་ནས་གློག་གཏོང་ཐབས་བྱེད་ཀྱི་ཡོད་པས་དགོང་མོ་རེར་གློག་ཆུ་ཚོད་ཁ་ཤས་ལས་གཏོང་ཐུབ་ཀྱི་མེད། དེར་བརྟེན་གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བ་བྱ་རྒྱུ་དེའང་ང་ཚོའི་ཕུགས་འདུན་ཞིག་ཏུ་གྱུར་ཡོད། དྲག་ཆར་བབས་པའམ་ཡང་ན་ཐན་པ་བསྟན་སྐབས་ཆུ་ལམ་བརྒྱུད་ཁྲའེ་ཡིའུ་སྣུམ་དུས་ཐོག་ཏུ་གྲོང་ཚོར་དབོར་ཐབས་བྲལ་བས། གློག་ཆད་ནས་ཡུལ་མི་ཚོའི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད། ས་རུབ་སྐབས་གློག་མེད་པའི་དབང་གིས་ཡུལ་མི་ཚོ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་མེད་ལ། ཕྲུ་གུ་ཚོའང་ཁྱིམ་སྦྱོང་འབྲི་ཐབས་བྲལ། ཀྲུང་གོའི་ཁེ་ལས་སླེབས་པ་དེས་གློག་ཤུགས་མཁོ་འདོན་བརྟན་པོ་ཡོང་བའི་ང་ཚོའི་ཕུགས་འདུན་མངོན་འགྱུར་བྱུང་སོང”ཞེས་པོ་ཨའེ་ཁའེ་ཏི་གྲོང་ཚོའི་ཚུན་ཀྲང་སུའུ་ཧོ་ཡིས་བཤད།
2019ལོའི་ཟླ་9པར། ཅང་ཤིས་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་སུའུ་རི་ནམ་རང་བྱུང་ཐོན་ཁུངས་པུའུ་དབར་སུའུ་རི་ནམ་གྲོང་ཚོའི་གློག་དྲ་ཆུང་གྲས་ཀྱི་འོད་ཤུགས་དུས་ཐེངས་དང་པོའི་རྣམ་གྲངས་སྐྲུན་འགན་ཁུར་བའི་གན་རྒྱ་བཞག་ནས་སུའུ་རི་ནམ་གཙང་འགྲམ་གྱི་གློག་མེད་པའི་ས་ཁུལ་ལ་རྒྱུན་མཐུད་དང་བློས་འགེལ་ཆོག་པའི་གློག་ཤུགས་མཁོ་འདོན་བྱས་པ་རེད། རྣམ་གྲངས་དེ་དངོས་སུ་སྤྱོད་འགོ་ཚུགས་པར་ས་གནས་དེ་གའི་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།
དུས་ཐེངས་དང་པོའི་རྣམ་གྲངས་ཡག་པོ་བསྐྲུན་པས་2021ལོའི་ཟླ་7པར་དུས་ཐེངས་གཉིས་པའི་རྣམ་གྲངས་བདེ་བླག་ངང་གན་རྒྱ་འཇོག་པར་སྐུལ་མ་ཐེབས་ཡོད། སུའུ་རི་ནམ་གྲོང་ཚོའི་གློག་དྲ་ཆུང་གྲས་ཀྱི་འོད་ཤུགས་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དོ་དམ་པ་ཞུང་ཙེ་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཐེངས་གཉིས་པའི་རྣམ་གྲངས་ལ་ཁྱོན་ས་ཚིགས་5ཡོད་པ་དེས་གྲོང་ཚོ་40ལ་གློག་མཁོ་འདོན་ཐུབ་ནས་གྲོང་མི་ཁྲི་1.5ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད། འདི་ལོ་རྩིས་སྤྲད་པའི་ས་ཚིགས་དང་པོ(གོང་གི་པར་དེ་ཡིན་པ། ཅང་ཤིས་གློག་ཤུགས་འཛུགས་སྐྲུན་གྱིས་མཁོ་འདོན་བྱས)ཨའེ་ཁའེ་ཏི་གྲོང་ཚོར་བཙུགས་ཤིང་། རྣམ་གྲངས་དེས་དུས་ཐེངས་དང་པོའི་ཇུས་འགོད་འདུ་ཤེས་རྒྱུན་མཐུད་དང་ལེགས་སུ་བཏང་སྟེ། ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་དཔེ་དུམ་ཅན་གྱི་གློག་དྲ་ཆུང་ངུའི་མཉམ་བསྲེས་མ་ལག་གི་གློག་གཏོང་སོགས་ཀྱི་ཐག་གཅོད་ཇུས་གཞི་སྦབ་ཆ་གཅིག་ཇུས་འགོད་བྱས་པ་དང་། འོད་ཤུགས་གློག་གཏོང་མ་ལག་དང་། ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་མ་ལག ནུས་གསོག་མ་ལག་བཅས་མཉམ་སྦྲེལ་བྱས་པ་ལས་གྲུབ་པའི་གསབ་རེས་མ་ལག་བརྒྱུད་མ་གནས་དམའ་རུ་གཏོང་བ་དང་དུས་མཚུངས། མ་ལག་གི་བརྟན་པོའི་རང་བཞིན་འགན་ལེན་ཐུབ་ནས་ཉིན་མཚན་དབྱེར་མེད་གློག་གཏོང་ཐུབ་རྒྱུ་རེད།
དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ས་ཚིགས་དང་པོ་རྩིས་སྤྲོད་ཀྱི་མཛད་སྒོར་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏུའོ་ཅེས་ཀྲུང་གོའི་འཛུགས་སྐྲུན་པས་འབད་བརྩོན་བྱས་པ་དང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། ཁོང་གིས། རྣམ་གྲངས་དེ་རྩིས་སྤྲོད་བདེ་བླག་བྱུང་བ་དེས་སུའུ་རི་ནམ་གྲོང་ཚོར་དེ་བས་བརྟན་ལ་བློས་འགེལ་ཆོག་པའི་གློག་མཁོ་འདོན་ཐུབ་ནས་གྲོང་མི་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།
སུའུ་རི་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཧན་ཅིང་གིས། ཀྲུང་གོའི་ཁེ་ལས་ཀྱིས་ཐོན་ཁུངས་དང་ལག་རྩལ་གྱི་ལེགས་ཆ་མུ་མཐུད་བཏོན་ཏེ། རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སུའུ་རི་ནམ་གྱི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་དང་སུའུ་རི་ནམ་གྱི་ནུས་རྒྱུའི་ལས་རིགས་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
(སྐལ་མཆོག་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)