《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月19日

“གོ་ལ་མཉམ་རོགས”ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧོ་དབྱིན།

“འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བར་ནུས་ལྡན་དང་རྗེས་ཐོན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད” ཟླ་12ཚེས་10ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར“1+10”ཡི་གླེང་མོལ་ཚོགས་འདུར་ཞུགས་མཁན་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་འཁུར་བ་དང་མཇལ་འཛོམས་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོ་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གཞུང་དྲང་གི་འཛམ་གླིང་ཞིག་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཁག་གྲུ་ཆུང་190ལྷག་ཙམ་ཐོག་སྡོད་པ་ཞིག་མིན་པར་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོ་ཞིག་གི་ཐོག་སྡོད་པ་ལྟར་ཡིན་པས། ཕ་རོལ་ཕྱོགས་ཀྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་ལ་མི་བརྩི་བ་དང་། ཕ་རོལ་ཕྱོགས་དེ་རོགས་ཟླར་བརྩི་བ་ལས་འགྲན་ཡར་བརྩི་མི་རུང་། “གོ་ལ་མཉམ་རོགས”དང་། མཐུན་སྒྲིལ་རོགས་རེས། གཉིས་ཁེ་གཉིས་ཕན་བཅས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་བ་བྱེད་པ་ནི་རྒྱལ་ཁབ་ཁག་གི་ཕྲག་ཐོག་ཏུ་འཁུར་བའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ལ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡང་དག་པའི་གདམ་ག་འབའ་ཞིག་དེའང་རེད།

འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེར་འགྲོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བར་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་དགོས། འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཆུང་བས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་རང་རང་སོ་སོའི་དཀའ་ངལ་ཡོད། དཀའ་ངལ་དང་འགྲན་སློང་ཇི་ཙམ་འཕྲད་ཚེ་མཐུན་སྒྲིལ་རོགས་ལས་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་འཁུར་བའི་བྱ་སྤྱོད་སྤེལ་དགོས། རྒྱལ་ཁབ་ཁག་གིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མ་ལག་མཉམ་ལས་བྱས་ནས་འཛུགས་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མཐའ་འཁྱོངས་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ཐཱན་ཉུང་ལག་རྩལ་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་གཏོད་པ། ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་བཅས་རྒྱལ་སྒྲོལ་འཁོར་སྐྱོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས།

འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེར་འགྲོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བར་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཚོགས་སྤྱིའི་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་དཔལ་འབྱོར་གྱི་བསྡུར་གྲངས་བཟུང་ཚད་40%ཡན་འཕར་ཡོད། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱིས་དུས་བསྟུན་འཕེལ་རྒྱས་བཏང་ནས་དུས་རབས་ཀྱི་འབོད་སྒྲ་དང་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་བ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་པ། འཛམ་གླིང་དཔལ་འབྱོར་གྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ལུགས་མཚོན་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱེད་དགོས།

འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེར་འགྲོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བར་དཔལ་འབྱོར་དངོས་ཚན་གཙོ་བོས་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་དགོས། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་མང་དུ་ཕྱིན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་མཉམ་ལས་གཉིས་ཁེ་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་བྱེད་པ་དང་། ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་བསྟུན་པ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ཐུན་མོང་ཐོག་འགན་འཁྲི་གཙང་སྒྲུབ་བྱེད་དགོས། སྒོ་ཁྲལ་གྱི་དམག་འཐབ་དང་། ཚོང་དོན་དམག་འཐབ། ཚན་རྩལ་དམག་འཐབ་བཅས་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་དཔལ་འབྱོར་གྱི་ཆོས་ཉིད་དང་རྒྱབ་འགལ་ཡིན་པས་རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད།

(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)