《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月18日

སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

སང་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་བཏོན་ཡོད། མིག་སྔའི་གལ་ཆེ་ཤོས་ནི། གཅིག་ནས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པར་གོ་བ་ཡང་དག་ལེན་དགོས་པ་དང་། གཉིས་ནས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་བླང་བྱ་ཁག་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་དོན་འཁྱོལ་ཐུབ་པར་བྱེད་དགོས།

“བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ” “གཞི་ཆེའི་སྲིད་ཇུས་དེ་བས་ཧུར་བརྩོན་ཆེན་པོས་ལག་ལེན་བསྟར་བ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁང་ཁྲོམ་དང་རྐང་འཛིན་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་རྡབ་རྡེག་འགོག་ཟོན་དང་སེལ་བ། སྔོན་དཔག་བརྟན་པོ་དང་གསོན་ཤུགས་འཕེལ་བར་བྱེད་པ”སོགས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སྤྱིའི་བླང་བྱ་བཏོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ཐད་ཀྱི་འཆར་འགོད་དང་བསམ་གཞིག་ཚིག་ཉུང་དོན་གསལ་གྱི་སྒོ་ནས་སྙིང་བསྡུས་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིཌ་ཚད་ལས་འགན་ལེགས་སྒྲུབ་བྱེད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུཌ་པར་རྨང་གཞི་བརྟན་པོ་འདིང་དགོས།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སྟོན་ཕྱོགས་ཀྱི་ནུས་པ་ཆེན་པོ་ལྡན་ཞིང་། ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གཉིས་གོམ་སྟབས་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། དེ་ནི་བརྟག་ཞིབ་གཏིང་ཟབ་དང་། ཞིབ་འཇུག་དང་བརྡར་ཤ་ཡང་དག་གཅོད་པ། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བཅས་བྱས་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་ཞིང་། མིག་སྔར་བསམ་གཞིག་བྱས་ཡོད་ལ་ཕུགས་ལའང་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོ་བསྟན་པ་མ་ཟད། གདེང་ཚོད་རབ་འཕེལ་དང་ངར་ཤུགས་སྐུལ་སློང་ནུས་ལྡན་ཡང་བྱས་ཡོད། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་དུས་མཚུངས“བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་བ་དང་། གཞུང་འཁྱོངས་གསར་འབྱེད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱེད་དགོས་པའི”བླང་བྱ་བཏོན་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཙོ་གནད་ཁ་ཕྱོགས་གསལ་སྟོན་བྱས་པ་དང་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད།

ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་གཞི་ཆེའི་སྟངས་འཛིན་ནི་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་སྲུང་གལ་ཆེན་ཡིན་ཞིང་། ཚོགས་འདུའི་ཐོག་སང་ལོར“སྔར་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་ལེན་བསྟར་དགོས”ཞེས་ནན་བཤད་བྱས་ཡོད། དགེ་མཚན་སྔར་ལས་ཆེ་བའི་ནོར་སྲིད་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་ནོར་སྲིད་མཚལ་ཡིག་གི་ཚད་གཞི་མཐོ་རུ་གཏོང་བ་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་ཚད་མང་དུ་གཏོང་བ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར་འགྲེམས་སྤེལ་དང་བེད་སྤྱོད་བྱེད་ཤུཌ་མང་དུ་གཏོང་བ་བཅས་ཁ་གསལ་བཏོན་ཡོད། དངུལ་ལོར་སྲིད་ཇུས་ཀྱི་ནང་དོན་ལྟེ་བ“བརྟན་པོ”ནས“འོས་འཚམ་ལྷུག་གཏོང”ལ་ལེགས་སྒྲིག་བྱས་པ་ནི་ལོ་བཅུ་བཞིའི་རིང་གི་ཐེངས་དང་པོ་རེད། གཞི་ཆེའི་སྟངས་འཛིན་གྱི་ནང་དོན་ལྟེ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་མིག་སྔའི་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཆེ་རུ་སོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་ཧུར་བརྩོན་ཆེན་པོས་ལས་དོན་བསྒྲུབས་ཏེ་དུས་འཁོར་ལྡོག་པ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་ལག་སྒམ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་ལེ་ལག་ཚང་བའི་འདུ་འགོད་ཅིག་ཡིན་པས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་བཏང་ཚེ། གཞི་ནས་སྲིད་ཇུས་ཁག་གིས་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་། མཉམ་ཤུགས་ཆགས་པ། གནད་སྨིན་ནུས་ལྡན་བཅས་བྱུང་སྟེ་གཞི་ཆེའི་སྲིད་ཇུས་ཀྱི་ནུས་ལྡན་རང་བཞིན་མཐོ་རུ་ཕྱིན་ནས་གཉེར་སྐྱོང་བྱེད་པོར་བརྡ་རྟགས་གསལ་པོ་སྤྲོད་ཐུབ་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

མིག་སྔར་གསོག་འབོར་སྲིད་ཇུས་དང་འཕེལ་འབོར་སྲིད་ཇུས་ཀྱིས་རྒྱུན་མཐུད་ཤུགས་བརྒྱབ་པས་གཞི་ཆེའི་སྲིད་ཇུས་ལ་རྒྱུན་མཐུད་ཕན་འབྲས་ཐོན་པ་དང་སྒྱུར་བཅོས་བྱེད་ཐབས་རྒྱུན་མཐུད་དོན་འཁྱོལ་བྱུང་སྟེ་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་མཐུན་རྐྱེན་དང་ཕན་ཡོད་ཆ་རྐྱེན་རྒྱུན་ཆད་མེད་པར་གསོག་འཇོག་ཐུབ་ཡོད། རང་རྒྱལ་གྱི་གཞི་ཆེའི་སྟངས་འཛིན་གྱི་མངོན་གསལ་དོད་པའི་ལེགས་ཆ་དང་ནུས་པ་ཤུགས་ཆེན་འདོན་སྤེལ་གང་ལེགས་བྱས་ནས་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོ་རུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་བ་དང་། གནོན་ཤུགས་ཆེ་བ། འགྲན་སློང་མང་བ་བཅས་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་དམིགས་ཚད་ཀྱིས་སྣེ་ཁྲིད་ལ་སྣང་ཆེན་བྱེད་པ་དང་། སྲིད་ཇུས་ཀྱི་བླང་ཕྱོགས་ཁོང་དུ་ཆུད་པ། བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་ལ་ཤུགས་སྣོན་རྒྱག་པ། ཡིད་ཆེས་བརྟན་དུ་གཏོང་བ་དང་དཀའ་སྤྱད་འབད་སྒྲུབ་བཅས་ཀྱི་ཐོག་ནས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

(ཚེ་བརྟན་སྒྲོལ་དཀར་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)