《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月18日

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཆའོ་ཧྲི་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཟླ་12ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཆའོ་ཧྲི་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཚའེ་ཆི། ལི་ཞི་སོགས་ཚོགས་འདུར་ཞུགས་པ།

ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ་དང་ཚའེ་ཆི་དང་ལི་ཞི་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ཆའོ་ཧྲི་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས། ད་ཆ། ཏང་ཡོངས་དང་རྒྱལ་ཡོངས་མི་རིཌ་ཁག་གི་མི་དམངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་འབད་འཐབ་བྱེད་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་ཡོང་བཞིན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་བྱས་ནས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་ལི་ཞི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན། ཀྲུང་གོའི་གསར་བརྗེ་དང་། འཛུཌ་སྐྲུན། སྒྱུར་བཅོས་བཅས་ཀྱི་འཕེལ་རིམ་རླབས་པོ་ཆེའི་ཁྲོད་དུ་ཕུལ་བྱུང་གི་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་མང་པོ་ཐོན་ཞིང་། བློ་མཐུན་ཆའོ་ཧྲི་ནི་ཁོང་ཚོའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་ཚབ་མཚོན་ཞིག་རེད། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེ་དང་། དམག་འཐབ། འོད་སྟོང་འབར་བ་བཅས་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་རེད་ལ་བདེན་དོན་བརྩོན་ལེན་དང་། ཡར་རྒྱས་དོན་གཉེར། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་འབད་འཐབ་བཅས་གནང་བའི་སྐུ་ཚེ་ཧྲིལ་པོའང་རེད། ཏང་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་ཁོང་གི་མཛད་རྗེས་ང་ཚོས་བློ་ལ་བརྟན་པོར་ངེས་དགོས་པ་དང་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་ང་ཚོས་སློབ་སྦྱོང་ཞུ་འོས་པ་ཞིག་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་དད་སེམས་བརྟན་པོར་སྲུང་བ་དང་ཕུགས་བསམ་ཆེད་ལེགས་སྐྱེས་འབུལ་བའི་ཁོང་གི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཚེ་གང་གི་བྱ་གཞག་ལ་བརྩིས་ནས་རྟག་ཏུ་བློ་སྦྱོང་དང་། རྟག་ཏུ་སྦྱོང་བརྡར། རྟག་ཏུ་ཤེས་རྟོགས། རྟག་དུ་ཡར་རྒྱས་བཅས་ཡོང་བར་བྱེད་དགོས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་སྔ་ཕྱི་བར་གསུམ་དུ་བརྟན་པོར་བསྲུངས་ཏེ་རྦ་རླབས་དྲག་པོའི་ཚོད་བགམ་ཐེག་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་ཏང་སྲོལ་ཡོ་བསྲང་དང་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཁོང་གི་སྲ་ཞིང་བརྟན་པའི་ཏང་གཤིས་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་དམངས་ཆེད་སྲིད་བརྩོན་གྱི་ཁོང་གི་རྩ་ཆེའི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་དང་མི་དམངས་ལ་བདེ་སྐྱིད་སྐྲུན་གང་ཐུབ་བྱས་ཏེ། མི་དམངས་ཡོངས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་སྤྱོད་ཐུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དང་བྱས་རྗེས་འཇོག་ཕོད་པའི་ཁོང་གི་ཆབ་སྲིད་ཀྱི་ཐེག་པ་ཁུར་ལེན་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་ཁྲིམས་སྐྱོང་གོང་དུ་བཀུར་བ་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བསྟར་བའི་ཁོང་གི་འགྱུར་མེད་དོན་གཉེར་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྐྱོང་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། ཁྲིམས་སྐྱོང་འགྲོ་ལམ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོས་བློ་མཐུན་ཆའོ་ཧྲིར་དྲན་གསོ་ཞུ་བ་ནི་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་ཁོང་གི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས་པ་དེ་རེད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཀྲའོ་ལེ་ཅིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཆའོ་ཧྲིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་དུ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། བློ་མཐུན་ཆའོ་ཧྲིའི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་བྱེད་པར་བླང་བྱ་གསལ་པོ་བཏོན་གནང་ཡོད། ཁོང་གི་གསུང་བཤད་ལ་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་བཏོད་པའི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་གྱིས་གོ་བ་ལེན་པ་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སུན་ཤིན་དབྱང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ལིའུ་ཆི། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཁྲེན་ཝུན་ཆིང་། ཝང་ཞའོ་ཧུང་། ཧའོ་མིང་ཅིན། སུའུ་ཧུའེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན། བློ་མཐུན་ཆའོ་ཧྲིའི་གཉེན་ཉེ་དང་། སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ། དེ་སྔའི་ཉེ་འཁོར་གྱི་ལས་དོན་པ། ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

(སྤེན་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)