《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月17日

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་12ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་བཀོད་ཡོད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན་པའི་རང་རེའི་ཏང་གིས་ཇི་ལྟར་བྱས་ནས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་བདེ་བླག་ངང་སྒྲོལ་བ་དང་ཏང་གི་ངོ་བོ་མི་འགྱུར་བ་དང་། ཏང་གི་རང་གཤིས་མི་འགྱུར་བ། ཏང་གི་སྤྱོད་ཚུལ་མི་འགྱུར་བ་བཅས་བྱེད་དགོས་སམ། དེ་ནི་ཏང་ཡོངས་ཀྱི་བློ་མཐུན་ཚོའི་མདུན་དུ་འཕྲད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་ང་ཚོས་རྒྱུན་ཆད་མེད་པར་ལག་ལེན་གྱི་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་བྱས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས་དེ་སྔོན“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས”ཞེས་པའི་དྲིས་ལན་དང་པོ་བཏབ་གནང་བའི་རྨང་གཞིའི་ཐོག་དྲིས་ལན་གཉིས་པ་བཏབ་གནང་བ་ནི་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དེ་རེད།

རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་ལོ་10ཡི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་དང་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་བྱེད་རིང་ང་ཚོས་ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་གྲུབ་པ་བཅས་བྱུང་སྟེ། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། རང་ངོས་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པ། རང་ངོས་གསར་བརྗེར་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་ཡོད།

རྩོམ་ཡིག་ནང་བསྟན་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་རྒྱུད་དང་ལེགས་ཆ་ཆེ་ཤོས་རེད། ཏང་གི་ངོ་བོ་དང་། དམིགས་ཡུལ། ཐོག་མའི་བསམ་འདུན། འགན་འཁྲི་བཅས་ལས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་གཏན་འཁེལ་བྱས་ཡོད། སྒེར་ཕན་མ་གཉེར་ཚེ་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་ལྡན་ཏེ། རྩ་བ་ནས་འགྱུར་ལྡོག་གཏོང་ཐུབ་པ་དང་ཁེ་ཕན་ཆེན་པོ་གཉེར་ཐུབ་ལ། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་ཡང་ཐུབ་ནས། རང་ཉིད་ལ་ཞིབ་ལྟ་བྱེད་ཕོད་པ་དང་རང་སྐྱོན་རྟག་ཏུ་ཡིད་ལ་དྲན་ཐུབ། རང་སྐྱོན་མི་སྦེད་པ་དང་ཡོ་བསྲང་བྱ་རྒྱུར་མི་འཛེམས་པ་དང་རང་སྐྱོན་བཀབ་ནས་མི་སྡོད་པར་རང་ཉིད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཚེ། ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། དམིགས་བསལ་དབང་ཆའི་རིམ་གྲས་བཅས་ཀྱི་རུལ་བསླད་ལ་རྒོལ་ལན་ནུས་ལྡན་སློག་ཐུབ་ཀྱི་རེད། དེ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ཀྱི་གསང་བ་གནས་ས་ཞིག་རེད་ལ། རང་རེའི་ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཐུབ་པའི་གཏིང་ཤུགས་གནས་སའང་རེད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བར་ལག་ལེན་ཁྲོད་གཤམ་གསལ་གྱི་གནད་དོན་ཁག་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས་པ་སྟེ། གཅིག ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བྱེད་དགོས་པ་དང་། གཉིས། རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས་པ། གསུམ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱེད་དགོས་པ། བཞི། ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་དམིགས་ཚད་དུ་འཛིན་དགོས་པ། ལྔ། ཏང་ཆེན་པོ་ཁོ་ནར་ལྡན་པའི་དཀའ་ངལ་སེལ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་དགོས་པ། དྲུག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་དུ་བརྩི་དགོས་པ། བདུན། སྲ་ཞིང་བརྟན་པའི་རྩ་འཛུགས་གཏོད་པ་དང་ཉམས་སད་ཐེག་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་དུ་འཛིན་དགོས་པ། བརྒྱད། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་དེ་དམ་འཛིན་བྱེད་ས་གལ་ཆེན་དུ་འཛིན་དགོས་པ། དགུ རང་གིས་རང་ལ་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་དུ་སྦྲེལ་བའི་སྒུལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ་བཅས་རེད།

རྩོམ་ཡིག་ནང་བསྟན་དོན། ལག་ལེན་འཕེལ་རྒྱས་ལ་ནམ་ཡང་རྫོགས་མཐའ་མེད་ལ་རིགས་པའི་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། དེས་ན་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། གཞུང་འཁྱོངས་གསར་འབྱེད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་ལེན་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཟམ་མི་ཆད་པར་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བར་བྱས་ནས། ཏང་གི་རང་ངོས་གསར་བརྗེའི་བསམ་ཕྱོགས་དང་བྱ་ཐབས་སྔར་བས་ཚགས་ཚུད་པོ་ཡོང་བ་དང་འཐབ་ཕྱོགས་དང་ལྷུ་ཚིགས་ཁག་གི་རང་ངོས་གསར་བརྗེར་དམ་འཛིན་ཞིབ་ཕྲ་དང་གཏིང་ཟབ་བྱེད་དགོས།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྒྲོན་ལགས་ཀྱིས་ཞུས)