《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月16日

མཚོ་སྔོན་གྱི་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་སྡོམ་ལ་ཕན་འབྲས་གསར་པ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཆུའི་ཐོན་ཁུངས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་ཆེད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་འགོ་བཙུགས་ཏེ། སྲིད་ཇུས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་སྡོམ་ལམ་ལུགས་དོན་འཁྱོལ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་རེད།

2024ལོ་ནས་བཟུང་། མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་ཐོག་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་སྡོམ་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་དང་། ཞིང་ཨུད་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཆུའི་ཐོན་ཁུངས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་3ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཞིང་ཆེན་ཆུ་བེད་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་འཆར་འགོད་དང་། ས་འོག་ཆུ་སྲུང་སྐྱོང་བེད་སྤྱོད་འཆར་འགོད། ཚྭ་འདམ་གཤོང་སའི་ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་འཆར་འགོད་སོགས་གཙོ་གནད་འཆར་འགོད་བཟོས་ཏེ། གཏན་འབེབས་ལྟར་ཆུའི་ཐོན་ཁུངས་ཀྱི་རིགས་པས་ཁུངས་སྐྱེལ་དང་ཆུ་ལེན་ཆོག་འཐུས་ཞིབ་མཆན་འགོད་པར་ལྟ་འདོམས་ནན་པོ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཆུ་ལེན་ཆུ་སྤྱོད་དོ་དམ་ལས་སྟེགས་བསྐྲུན་ནས་རིམ་རྩིས་བྱས་ན་ཆུ་ལེན་ཆུ་སྤྱོད་དུད་ཚང་གི་ཚད་འཇལ་སྒྲིག་ཆས་2026བསྐྲུན་ཡོད། རྨ་ཆུའི་གཞུང་ཆུ་དང་མཚོ་ནུབ་ཀྲོའུ་ཡི་ཆུ་ལེན་རྣམ་གྲངས་རྩིས་སྤྲོད་དང་གཅིག་གྱུར་ཐོག་ལག་ཁྱེར་བརྗེ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་སྤྱོད་དམིགས་ཚད་གང་འགབ་ཅི་སྤྱོད་བྱས་ཏེ་ལུགས་དང་མི་མཐུན་པའི་ཆུ་སྤྱོད་དགོས་མཁོ་མཐའ་གཅིག་ཏུ་བཀག་འགོག་བྱེད་ཀྱི་ཡོད། ཆུའི་ཐོན་ཁུངས་དོ་དམ་ཞིབ་བཤེར་དང་། རྨ་ཆུའི་ཆུ་གཞུང་དང་ཆུ་ལག་གི་སྐྱེ་ཁམས་བཞུར་ཚད་འགན་སྲུང་། ཆུ་ཤུགས་གློག་ཁང་གི་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་འཇལ་ཞིབ་དཔྱད་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་གྲལ་བཤེར་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་དོན་འཁྱོལ་བྱས་ནས་ལོ་འདིའི་ནང་ཆུ་གྲོན་ཆུང་གི་གདེང་འཇོག་ཁག་94བྱས་པ་དང་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་150ཞིབ་བཤེར་ཉུང་འཕྲི་བྱས་ཡོད། རིམ་རྩིས་བྱས་ན། ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་46དང་། བཟོ་ལས་གླིང་ཁུལ་3 མཐོ་སློབ་11 སྤྱི་པའི་སྒྲིག་གཞི་2445 ཁུལ་ཆུང་502 སྤྱི་པའི་སྒྲིག་གཞིའི་ཆུ་ཕན་གྱི་སྣེ་ཁྲིད་མཁན་9བཅས་འཛུགས་གཏོད་བྱས་ཤིང་། ཆུ་གྲོན་ཆུང་དོ་དམ་དང་། “ཆུ་གྲོན་ཆུང་གི་དངུལ་བུན”གྱི་མ་དངུལ་བསྡུ་སྒྲིལ་ཞབས་ཞུ། དངུལ་རྩས་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་དངུལ་རྩའི་སྲིད་ཇུས་བཏོན་ནས། ཆུ་གྲོན་ཆུང་གི་གན་རྒྱ་ཁག་23བཞག་པས་མཚོ་སྔོན་གྱི་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་གཅུན་སྡོམ་ལ་ཕན་འབྲས་གསར་པ་ཐོབ་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)