《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月16日

སེ་འབྲུའི་མེ་ཏོག་རབ་ཏུ་བཞད། མཐུན་སྒྲིལ་གོང་བུ་གཅིག་ཏུ་བསྒྲིལ།

—— བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱ་བ་རེ་ཟུང་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། བསོད་ནམས་ཆོས་གྲུབ་དང་། བཀྲ་ཤིས་དོན་གྲུབ། ལིའུ་སི་ཡུས།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་དང་ཏན་ཏིག་བྱས་པས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པ་དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་དོན་གཉེར་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

རིན་སྤུངས་རྫོང་ཕུ་སྣ་གྲོང་ཚོས། ཕན་ཚུན་རོགས་རམ་བྱས་ཏེ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་པ།

2006ལོར་བསྐྲུན་པའི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ས་ལར་རིགས། དབྱིས་རིགས་སོགས་མི་རིགས་མང་པོའི་གྲོང་མི་འདུས་སྡོད་བྱེད་ཀྱི་ཡོད། ལོ་མང་རིང་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་གཏམ་རྒྱུད་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་དུད་ཚང་60ཡི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དུད་ཚང་9དང་། མི་རིགས་མང་བའི་དུད་ཚང་5 གྲོང་ཚོ་རིམ་པའི་དཔྱད་འདེམས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་4བཅས་ཡོད་པ་རེད།

2008ལོར་མཚོ་སྔོན་ཞིང་ཆེན་དམར་གཙང་རྫོང་གི་ཧུད་རིགས་མང་ཚོགས་མཱ་པིན་ལིན་ཕུ་སྣ་གྲོང་ཚོར་སླེབས་པ་དང་དེ་གའི་རྒྱལ་ལམ་གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས་རླངས་འཁོར་ཉམས་གསོ་ཁང་ཞིག་འཛུགས་འདོད་ཆེན་པོ་བྱུང་ཡང་མ་དངུལ་མ་འདང་བར་ལུས། ཕུ་སྣ་གྲོང་ཚོའི་ཡུལ་མི་ཚོས་གནས་ཚུལ་དེ་ཤེས་རྗེས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་མ་དངུལ་དང་། ས་ཆ། སྒྲིག་ཆས་སོགས་གང་ས་ཅི་ཐད་ནས་རོགས་རམ་བྱས་མཐར། མཱ་པིན་ལིན་གྱི་རླངས་འཁོར་ཉམས་གསོ་ཁང་བདེ་བླག་ངང་བཙུགས་ཐུབ་པ་བྱུང་བ་དང་ཁོང་ཡང་ཕུ་སྣ་གྲོང་ཚོར་གཞིས་ཆགས་པ་རེད།

ལོ་མང་རིང་ཡུལ་མི་ཚོའི་དྲིན་ལན་འཇལ་ཆེད་མི་སུའི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་རུང་མཱ་པིན་ལིན་གྱིས་རྟག་ཏུ་སྔོན་ལ་ཁོང་ཚོར་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་གི་ཡོད། དེ་དང་ཆབས་ཅིག་ལོ་ལྟར་རང་ཉིད་ཀྱི་གསོག་དངུལ་བཏོན་ནས་ལོ་གསར་དང་དུས་ཆེན་སྐབས་གྲོང་ཚོའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད། མཱ་པིན་ལིན་གྱིས“ཐག་རིང་གི་གཉེན་ལས་ཁྱིམ་མཚེས་དགའ། ལོ་མང་རིང་གྲོང་ཚོ་གཅིག་ནང་འཚོ་བ་བསྐྱལ་བས་ང་ཚོ་སྔ་ས་ནས་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད”ཅེས་བཤད།

2017ལོར་ཕུ་སྣ་གྲོང་ཚོར་ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”གྱི་མཚན་སྙན་སྤྲད་པ་དང་། 2019ལོར་བྱེ་བ་ཤང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

ད་ཆ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་དང་དེ་བཞིན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཕུ་སྣ་གྲོང་ཚོར་ངལ་ནུས་ཕྱིར་གཏོང་དང་། བོད་ཕག་གསོ་ཚགས། སོ་ཕག་བཟོ་གྲྭ ཞིང་དུད་སྤྲོ་སྐྱིད་ཁང་། དྲོད་ཁང་འདེབས་འཛུགས་སོགས་ཐོན་ལས་མང་པོ་གཞི་གཅིག་ཏུ་འདུས་པའི་མཉམ་སྡེབ་མཉམ་ལས་ཁང་བཙུགས་ནས་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་ཡུལ་མི་ཚོས་ཐུན་མོང་ཐོག་འབད་འཐབ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་ལས་སྟེགས་བཏོད་ཡོད།

བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཀུང་སིས།

ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི(གཤམ་དུ“བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཀུང་སི”ཞེས་བསྡུ་རྒྱུ)2022ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་ཚུན། “མི་རིགས་མང་བའི་མཉམ་འདྲེས་ཀུང་སིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་རྩོམ་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཁེ་ལས་ཡར་ཐོན་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁེ་ལས་རྣམ་པ་གསར་པ་དང་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད།

“ལས་བཟོ་100ཡི་ནང་རྒྱ་རིགས་དང་། བོད་རིགས། དབྱིས་རིགས། ཆའང་རིགས་སོགས་མི་རིགས་མི་འདྲ་བ་7ཡོད་པ་ཚང་མ་ཐུན་མོང་གི་ཕུགས་བསམ་དང་ལས་ཀའི་དབང་གིས་མཉམ་དུ་འཛོམས་ཤིང་། ལས་རོགས་ནས་གྲོགས་པོ་བློས་ཐུབ་དང་ཐ་ན་གཏན་གྲོགས་སུ་གྱུར་པ་དང་། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མི་འདྲ་བའི་རིག་གནས་དབར་གྱི་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་མངོན་པར་བྱས་ཡོད”ཅེས་ཀུང་སི་དེའི་མི་དོན་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས།

བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཀུང་སི་བཙུགས་པ་ནས་བཟུང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར”དང“བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་མ་ཟད། ད་དུང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་སྐྲུན་པའི་ལག་ལེན་རྟེན་གཞིའི”མཚན་སྙན་སྤྲད་པ་དེ་ཐོག་ནས་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འགན་འཁྲིར་མཐོང་ཆེན་བྱེད་ལུགས་མཚོན་ཡོད། ཀུང་སིའི་ལས་ཀའི་ཁོར་ཡུག་བཟང་པོའི་ཁྲོད་ཚང་མས་ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“ལག་ལེན་པ”དང“སྲུང་སྐྱོང་བ”བརྩོན་ལེན་བྱེད་ཀྱི་ཡོད། འདི་ལོའི་ཟླ་6པའི་ཟླ་མཇུག་བར་ཀུང་སིའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་18934དང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་30819 ཁྲལ་དངུལ་འཇལ་ཚད་སྒོར་ཁྲི་1400བཅས་ཟིན་ཡོད།

གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་གྱིས།

མཐུན་སྒྲིལ་མཛའ་བརྩེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་དུ་བོད་རིགས་དང་། རྒྱ་རིགས། ཧོར་རིགས་སོགས་ཀྱི་གྲོང་མི་800ལྷག་ཙམ་འཚོ་བ་སྐྱེལ་བཞིན་ཡོད། བདེ་སྐྱིད་གྲོང་གསར་ལ་སྔ་རྗེས་སུ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཚོ(གྲོང་ལྷན)སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲོང་ཚོ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མཐུན་སྒྲིལ་གྲོང་ཚོ”ཞིག་རེད།

འདི་ལོ་ལོ་59ལ་སླེབས་པའི་ལུས་ལ་བོད་ཆས་གྱོན་པ་དང་གྲ་ནང་གི་ཡུལ་སྐད་འཁྲུལ་མེད་རྒྱག་མཁན་བསྟན་འཛིན་གལ་སྲིད་གྲོང་མི་ཚོས་ངོ་སྤྲོད་མ་བྱས་ཚེ། ཁོང་རྒྱ་རིགས་བློ་མཐུན་ཡིན་པ་སུས་ཀྱང་ཡིད་ཆེས་མི་སྲིད།

བསྟན་འཛིན་གྱི་མིང་ངོ་མར་ཀྲང་ཅི་ཁྲེང་ཟེར་བ་དང་ཁོང་ལོ་20ལ་སླེབས་སྐབས་ཨར་ལས་རུ་ཁག་དང་མཉམ་དུ་གྲ་ནང་རྫོང་དུ་ལས་ཀར་ཡོང་བ་རེད། “ང་ནི་ལམ་བཟོ་བ་ཞིག་ཡིན། སྐབས་དེ་དུས་ལས་ཡུལ་གྱི་ཆ་རྐྱེན་ཧ་ཅང་ཞན་མོད། འོན་ཀྱང་ཚང་མས་ཕན་ཚུན་རོགས་རམ་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཆེན་པོ་ཡོད། རྗེས་སུ་ལས་ཡུལ་ནས་བོད་རིགས་བུ་མོ་ཞིག་ངོ་ཤེས་ཏེ་བརྩེ་དུང་གི་ལས་འཕྲོའི་དུད་པ་ཐེབས་ནས་འདི་གར་གཞིས་ཆགས་སོང་། ལོ་མང་རིང་ཉེ་འཁོར་གྱི་གནས་ཚུལ་ཚང་མར་འགྱུར་ལྡོག་འགྲོ་བཞིན་ཡོད་མོད། འོན་ཀྱང་གྲོང་པ་ཁྱིམ་མཚེས་དབར་གྱི་མཛའ་བརྩེའི་འབྲེལ་བར་འགྱུར་ལྡོག་ཕྱིན་མེད། མི་རིགས་མཐུན་སྒྲིལ་གྱི་ས་བོན་ང་ཚོ་ཚང་མའི་སེམས་ནང་བརྟན་པོར་བཏབ་ཡོད”ཅེས་བསྟན་འཛིན་གྱིས་མྱོང་ཚོར་ཟབ་མོས་བཤད།

བདེ་སྐྱིད་གྲོང་གསར་གྲོང་ཚོ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“མི་རིགས་མཐུན་སྒྲིལ་གྱི་ལམ་བུའི་ཐོག་ང་ཚོས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོ་བློ་ལ་བརྟན་པོར་ངེས་ནས་མི་རིགས་ཁག་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་རོལ་བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ནས་མི་རིགས་མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་ཡག་པོ་གཏོད་རྒྱུ་ཡིན”ཞེས་བཤད།