《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月16日

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས།

《སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུ་དང་མེད་པར་བཟོ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་བཟོ་བཅོས་རྒྱག་རྒྱུ་དང་མེད་པར་བཟོ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་གནང་ཞིང་། 2025ལོའི་ཟླ་1ཚེས་20ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། གཞུང་དྲང་ཡ་རབས་ཀྱི་ཁྲིམས་སྒྱུར་བྱེད་སྟངས་ནན་ལ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་འགན་སྲུང་བྱེད་པ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་ཀྱི་སྲིད་འཛིན་ཁྲིམས་སྲོལ་གཙང་བཤེར་བྱས་པ་དང་འབྲེལ། སྲིད་འཛིན་ཁྲིམས་སྲོལ་21གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་རྒྱག་རྒྱུ་དང་སྲིད་འཛིན་ཁྲིམས་སྲོལ་4མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད།

《སྨན་བཅོས་ཡོ་བྱད་ལ་ལྟ་སྐུལ་དོ་དམ་སྐོར་གྱི་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་5ལ་བཟོ་བཅོས་བརྒྱབ་ཅིང་། བེད་སྤྱོད་མ་བྱས་པའི་སྒྲིག་གཞིའི་མིང་དང་། བསྒྱུར་ཟིན་པའི་སྒྲིག་གཞིའི་མིང་། འགན་འཁྲི་སྒྱུར་བ་དང་འབྲེལ་བ་ཡོད་པའི་སྒྲིག་གཞིའི་མིང་བཅས་ལེགས་སྒྲིག་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། མིག་སྔའི་རང་རྒྱལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་བ་དང་དེ་བས་འཚམ་པར་བྱས་ཡོད་པ་རེད།

《དཔེ་སྐྲུན་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་6ལ་བཟོ་བཅོས་བརྒྱབ་ཅིང་། 《དངུལ་ཆད་རྣམ་གྲངས་ཁག་གཅིག་མེད་པར་བཟོ་རྒྱུ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(རྒྱལ་སྤེལ[2023]ཡིག་ཨང་20པ)གཞིར་བཟུང་། འབྲེལ་ཡོད་ཆད་གཅོད་ཀྱི་རིགས་སྣ་དང་ཚད་གཞིར་དེ་མཚུངས་ཀྱིས་བཟོ་བཅོས་བརྒྱབ་པ་དང་འབྲེལ་ཡོད་ཆད་གཅོད་ཀྱི་གྲངས་འབོར་དང་རྩིས་རྒྱག་སྟངས་ལེགས་སྒྲིག་བྱས་ཏེ། གཞུང་དྲང་ཡ་རབས་ཀྱི་ཁྲིམས་སྒྱུར་བྱེད་སྟངས་ནན་ལ་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

《དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ལས་གཉེར་བྱ་ཡུལ་ལ་དོ་དམ་སྐོར་གྱི་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་7ལ་བཟོ་བཅོས་བརྒྱབ་ཅིང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་སྤྱོད་པར་འཚམ་པའི་ཚོད་ལྟ་བྱེད་སའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱབ་གདལ་བཏང་བ་དང་། ཞིབ་མཆན་འགོད་པའི་དོན་ཚན་ཁག་གཅིག་མེད་པར་བཟོས་པ་དང་ཞིབ་མཆན་འགོད་པའི་དོན་ཚན་ཁག་གཅིག་ཐོ་འགོད་དོ་དམ་བྱེད་པར་བསྒྱུར་ནས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

གཞན་ཡང་ད་དུང་སྲིད་འཛིན་ཁྲིམས་སྲོལ་གསུམ་ལ་བཟོ་བཅོས་བརྒྱབ་ཅིང་། འབྲེལ་ཡོད་གཞུང་ཡིག་རིགས་ཀྱི་བདེན་དཔང་ར་སྤྲོད་བྱེད་སྟངས་སྟབས་བདེ་རུ་བཏང་སྟེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཡིག་རིགས་བརྒྱུད་བཤུག་ཁྱབ་ཁོངས་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བཏང་ཡོད།

དུས་མཚུངས་སུ《རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་དང་དེའི་དོན་གཅོད་ལས་ཁུངས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》སོགས་སྲིད་འཛིན་ཁྲིམས་སྲོལ་4མེད་པར་བཟོས་ཏེ། མིག་སྔའི་དཔལ་འབྱོར་སྒྲིག་སྲོལ་གྱི་འགྱུར་ལྡོག་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་ལག་ལེན་གྱི་དགོས་མཁོ། དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་ཀའི་དོན་དངོས་བཅས་དང་སྔར་བས་མཐུན་པར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ་མ་ལག་གི་གོ་ཆོད་རང་བཞིན་ལ་འགན་སྲུང་སྔར་ལས་ལྷག་པ་བྱས་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྒྲོན་ལགས་ཀྱིས་ཞུས)