《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月16日

ཡིད་ཆེས་བརྟན་གཏོང་དང་ལས་སྒྲུབ་གཙོ་བོར་འཛིན་ནས་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

དམངས་སེམས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ན་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་མི་རིང་བར་ལེགས་འགྲུབ་ཡོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོ་ཐུབ་ངེས་རེད། ཟླ་12ཚེས་11དང་12ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་འཐབ་འགོད་ཇུས་འདོན་བྱས་པ་ལས་མི་སེམས་ལ་སྐུལ་མ་ཐེབས་ཤིང་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་སྟེ། 2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2025ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བཅས་གནང་ནས། སང་ལོའི་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།

འགག་རྩའི་དུས་སྐབས་དང་འགག་རྩའི་ལོ་ཞིག་སྟེ། ལོ་གཅིག་རིང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། སྔོན་མཐོ་དང་། བར་དམའ། རྗེས་འཕེལ་བཅས་ཀྱི་རྣམ་པ་མངོན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་གཏོང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་ཐབས་གོ་རིམ་ལྡན་ལ་ཕན་ནུས་ལྡན་པ། དམངས་འཚོ་འགན་ལེན་ཏན་ཏིག་དང་ནུས་ལྡན་བཅས་བྱུང་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོ་འཁོར་རྒྱུག་བརྟན་པོ་ཡོད་པ་ནས་གོང་འཕེལ་དང་བཟང་ཕྱོགས་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཟམ་མི་ཆད་པར་མང་དུ་འགྲོ་བའི་བར་དང་། དེ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་བར། རང་རྒྱལ་དཔལ་འབྱོར་གྱི“བརྟན་པོའི”རྣམ་པ་རྒྱུན་མཐུད་ནུས་ལྡན་བྱུང་བ་དང་། “ཡར་བརྩོན”གྱི་གོམ་སྟབས་བརྟན་པོ་དང་ནུས་ལྡན་བྱུང་བ། “ལེགས་པའི”རྒྱུ་རྐྱེན་རིམ་གྱིས་གསོག་པ་བཅས་ལས་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས། དུས་རབས་གསར་པའི་རྒྱང་ལམ་གསར་པར་གསར་འབྱེད་ཡར་བརྩོན་དང་། འགག་སྒྲོལ་དཀའ་སེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་པའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།

ལོ་གཅིག་རིང་གི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་གཅིག་ཏུ་འདྲེས་པ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་བཅས་དང་། ནང་ཁུལ་གྱི་དཀའ་ངལ་མང་དུ་འགྲོ་བ་དང་དཔལ་འབྱོར་འཁོར་རྒྱུག་ལ་གནས་ཚུལ་དང་གནད་དོན་གསར་པ་ཁ་ཤས་ཐོན་བཞིན་ཡོད་པས། ཏང་ཀྲུང་དབྱང་གིས་གནོན་ཤུགས་དང་དཀའ་ངལ་ཁྱད་བསད་ཀྱིས་ཁ་གཏད་ནན་འཇལ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཡོད། ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞིང་། དེ་ཐོག་ནས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་ཚུལ་འོག ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཁ་ལོ་སྒྱུར་བའི་བླ་ན་མེད་པའི་བློ་གྲོས་དང་བྱང་ཆུབ་པའི་འཇོན་ཐང་མཚོན་གྱི་ཡོད། ལག་ལེན་ཁྲོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། འགག་རྩའི་དུས་སྐབས་དང་འགག་རྩའི་མཚམས་ཚིགས་སུ། ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་གནང་ནས་རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱས་པ་ར་སྤྲོད་གང་ལེགས་བྱུང་ཡོད།

སང་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་གྱི་ལོ་ཞིག་རེད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་ཡོད། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། གོ་སྐབས་དང་འགྲན་སློང་སྟངས་འཛིན་ཡང་དག་བྱེད་པའི་རྨང་གཞིའི་ཐོག་བཏོན་པའི་ཚན་རིག་དང་མཐུན་པའི་ཇུས་འགོད་ཅིག་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད་དགོས། རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་ཡོད་པ་དང་། དགེ་མཚན་མང་བ། མཉེན་ཤུགས་ལྡན་པ། གཏིང་ཤུགས་ཆེ་བ་བཅས་ཡོད་པས། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ལོ་40ལྷག་ཙམ་རྒྱུན་མཐུད་དང་མགྱོཌ་མྱུར་འཕེལ་རྒྱས་ཕྱིན་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད།

སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་བརྩོན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞུང་འཁྱོངས་གསར་འབྱེད་དང་། སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་བྱེད་དགོས། མིག་སྔར། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཇེ་ཟབ་ཏུ་འགྲོ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་ནི་ཐོག་མ་ཉིད་ནས་འགྱུར་ལྡོག་ཆེན་པོའི་ཁྲོད་དུ་འཕེལ་རྒྱས་བྱུང་བ་དང་ཉམས་སད་ཐེག་པའི་ཁྲོད་སྟོབས་ཆེར་གྱུར་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་ཚན་རིག་དང་མཐུན་པའི་ཐབས་ཤེས་བེད་སྤྱོད་ཡག་པོ་བྱེད་པ། ནུས་ལྡན་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་དང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེར་གཏོང་བཅས་ཀྱི་འབྲེལ་བ་གལ་ཆེན་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

ལས་སྒྲུབ་གཙོ་བོར་འཛིན་པ་དང་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དོན་དངོས་དང་བསྟུན་པ་དང་ཞིབ་ཕྲའི་གནད་དོན་ནས་འགོ་བཙུགས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་སེལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་ཏུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་དགོས། དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་སྡུད་བྱེད་དགོས།

སང་ལོའི་དཔལ་འབྱོར་ལས་ཀའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འཁེལ་ཟིན་པས་ངེས་པར་དུ་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཟབ་ཏུ་ཏན་ཏིག་གཏོང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་དང་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བར་འགན་ལེན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་འབྱོར་པའི་གློག་འཕྲིན)

(བསོད་བདེ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)