《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月15日

མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་ལེན་བསྟར་རྒྱུ་ཡིན་པ།

རིགས་གཅིག་མཁས་ཅན་གྱིས་མ་འཇོག་མཁན་གྱིས་རང་ངོས་ཀྱི་ཉེན་ཁ་ཆེ་ཆུང་དང་། འབྱོར་སྐྱོང་ཤེས་བྱ། ལོ་ནའི་གནས་ཚུལ་བཅས་དང་ ཟུང་འབྲེལ་བྱས་ནས་ཐོན་རྫས་བཀོད་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན་པ།

ཟླ་12ཚེས་12ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་ལྔ་ཡིས《མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། 《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཟླ་12ཚེས་15ཉིན་ནས་བཟུང་། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་དེ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་སྔོན་སྐྱོད་གྲོང་ཁྱེར(ས་ཁུལ)36ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ཡང་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ངལ་རྩོལ་པ་ཚང་མ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ནང་ཞུགས་ཆོག ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བའི་ཁྱབ་ཁོངས་དེ་སྔོན་སྐྱོད་གྲོང་ཁྱེར(ས་ཁུལ)36ནས་དུས་མཉམ་དུ་རྒྱལ་ཡོངས་སུ་རྒྱ་བསྐྱེད་རྒྱུ་རེད། གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོ་ཁུངས་མི་གྲངས་ཁྲི་7000ལྷག་ཙམ་ཟིན་ཡོད་པ་རེད།

《བརྡ་ཐོའི》ནང་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་སྔར་བས་ཁ་གསལ་བཟོས་པ་མ་ཟད། མ་འཇོག་ཐོན་རྫས་དང་། སྔ་སྣུར་ནས་དངུལ་ལེན་པ། ཉེན་ཁ་དོ་དམ་སོགས་ཀྱི་གནད་དོན་ཐད་ལེགས་སྒྲིག་རབ་དང་རིམ་པ་བྱས་ཡོད་པ་རེད།

མི་སྒེར་གྱི་རྒན་གསོའི་དངུལ་ནི་སྲིད་གཞུང་གིས་སྲིད་ཇུས་ནས་རྒྱབ་སྐྱོར་བྱེད་པ་དང་། མི་སྒེར་རང་མོས་ངང་ཞུཌ་པ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པ་བཅས་ཡིན་པས་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག

མིག་སྔར། རང་རྒྱལ་གྱི་རྒན་གསོ་འགན་བཅོལ་མ་ལག་ལ་ཀ་རྟེན་ཆེན་པོ་གསུམ་ཡོད་པ་སྟེ། ཀ་རྟེན་དང་པོ་ནི་གཞི་རྩའི་རྒན་གསོ་འགན་བཅོལ་ཡིན་པ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཚུད་ཡོད་པས་གཞི་རྩའི་འགན་སྲུང་གཞི་རྟེན་དུ་བྱས་ཡོད། ཀ་རྟེན་གཉིས་པ་ནི་ཁེ་ལས་ཀྱི་ལོ་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས་ཡིན་པ་དེ་ནི་མི་སྤྱོད་ཚན་པ་དང་དེའི་ལས་བཟོས་བཙུགས་པ་ཞིག་ཡིན་པ་དེས་གཙོ་བོ་ཁ་གསབ་ཀྱི་ནུས་པ་བཏོན་གྱི་ཡོད། ཀ་རྟེན་གསུམ་པ་ནི་མི་སྒེར་གྱི་གསོག་དངུལ་རང་བཞིན་གྱི་རྒན་གསོ་འགན་བཅོལ་དང་ཚོང་ལས་ཀྱི་རྒན་གསོ་འགན་བཅོལ་ཡིན་པ་རེད།

མི་སྒེར་གྱི་རྒན་གསོའི་དངུལ་ནི་ཀ་རྟེན་གསུམ་པའི་སྐོར་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་པ་དེས། མི་སྒེར་གྱི་རྒན་གསོའི་ཁ་གསབ་ལ་ལམ་ལུགས་ནས་འགན་ལེན་མངོན་འགྱུར་ཡོང་བར་སྲིད་གཞུང་གིས་སྲིད་ཇུས་ནས་རྒྱབ་སྐྱོར་བྱེད་པ་དང་། མི་སྒེར་རང་མོས་ངང་ཞུགས་པ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པ་བཅས་ཡིན་པས་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག

མི་སྒེར་གྱི་རྒན་གསོའི་དངུལ་ནང་ཞུགས་སྐབས་དེའི་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཐོ་དང་མི་སྒེར་གྱི་རྒན་གསོའི་དངུལ་གྱི་མ་རྩའི་རྩིས་ཐོ་བཟོ་དགོས་པ་དང་ལོ་རེར་གྲངས་འབོར་མཐོ་ཤོས་སུ་སྒོར་ཁྲི་1.2འཇལ་དགོས། དེའི་ནང་ཞུགས་མཁན་གྱིས་ཚོང་ལས་དངུལ་ཁང་གི་དྲ་ཚིགས་སམ་ཡང་ན་དངུལ་ཁང་གི་APPཐོག་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཐོ་དང་མི་སྒེར་གྱི་རྒན་གསོའི་དངུལ་གྱི་མ་རྩའི་རྩིས་ཐོ་མཉམ་དུ་བཟོ་ཆོག རྩིས་ཐོ་བཟོས་ནས་བཅོལ་གསོག་བྱས་རྗེས་དེའི་ནང་ཞུགས་མཁན་གྱིས་རང་གི་དགའ་ཕྱོགས་ལ་གཞིགས་ནས་རྒན་གསོའི་དངུལ་རྩའི་ཐོན་རྫས་རང་མོས་ངང་འདེམས་ཉོ་བྱས་ཚེ་ཁེ་ཕན་ཐོབ་པ་དང་ཚོང་ལས་དངུལ་ཁང་གིས་མ་འཇོག་གི་གྲོས་འགོ་འདོན་ཆོག

དམངས་ཚོགས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ནང་ཞུགས་ཚེ་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་སྟེ། གྲོན་དངུལ་འཇལ་མཁན་ལ་ལོ་ལྟར་སྒོར་ཁྲི་1.2ཀྱི་བཅད་གྲངས་ལྟར་དཔྱ་ཁྲལ་མ་འཇལ་གོང་ནས་འཐེན་དགོས་པ་དང་། རྩིས་ཐོའི་ནང་གི་དངུལ་གྱི་མ་འཇོག་ཡོང་འབབ་ལ་དཔྱ་ཁྲལ་མི་བསྡུ་བ། དངུལ་ལེན་སྐབས་ཁྲལ་ཚད་དམའ་ཤོས་3%གཞིར་བཟུང་ཁྲལ་བསྡུ་བ་ཡིན།

མ་དངུལ་འཇོག་རིན་ཡོད་པའི་ཐོན་རྫས་ཀྱི་གྲངས་འབོར་900ལྷག་ཙམ་ཟིན་པ།

མི་སྒེར་གྱི་རྒན་གསོའི་དངུལ་གྱིས་འབྲེལ་ཡོད་དངུལ་རྩའི་ཐོན་རྫས་ཉོས་ཚེ་ཁེ་ཕན་ཐོབ་རྒྱུ་ཡིན་པས། མ་འཇོག་ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་མིན་དང་། ཁེ་བཟང་མང་ཙམ་དང་བརྟན་པོ་ཡོད་པའི་ཐོན་རྫས་ཡོད་མེད་དེ་ལམ་ལུགས་ཀྱི་ཡིད་དབང་འགུགས་ནུས་དང་ཐད་ཀར་འབྲེལ་བ་ཡོད།

གསར་འགོད་པས་རྒྱལ་ཁབ་སྤྱི་ཚོགས་འགན་བཅོལ་སྤྱི་པའི་ཞབས་ཞུའི་ལས་སྟེགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་12ཉིན་བར། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ནང་འབྱོར་སྐྱོང་རིགས་ཀྱི་ཐོན་རྫས་ཁག་26དང་། གསོག་འཇོག་རིགས་ཀྱི་ཐོན་རྫས་ཁག་466 འགན་བཅོལ་རིགས་ཀྱི་ཐོན་རྫས་ཁག་165 སྤྱི་སློངས་ཐེབས་རྩའི་ཐོན་རྫས་ཁག་200བཅས་ཚུད་ཡོད་པ་རེད།

《བརྡ་ཐོའི》ནང་ད་ཡོད་ཀྱི་འབྱོར་སྐྱོང་ཐོན་རྫས་དང་། གསོག་འཇོག་བཅོལ་དངུལ། ཚོང་ལས་ཀྱི་རྒན་གསོ་འགན་བཅོལ། སྤྱི་སློངས་ཐེབས་རྩའི་ཐོན་རྫས་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་བུན་དང་། དམིཌ་གཏན་འཁེལ་བའི་རྒན་གསོའི་གསོག་དངུལ། སྟོན་གྲངས་ཀྱི་ཐེབས་རྩ་བཅས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཁྱབ་ཁོངས་ནང་འཇུག་དགོས་པའི་གཏན་འབེབས་བྱས་ཡོད།

《བརྡ་ཐོའི》བླང་བྱ་གཞིར་བཟུང་། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དུས་ཐོག་ཏུ་ཐོན་རྫས་མཁོ་སྤྲོད་ལེགས་སུ་བཏང་ནས་ཁག་དང་པོའི་ཁེ་དབང་རིགས་ཀྱི་སྟོན་གྲངས་ཐེབས་རྩ་ཁག་85མི་སྒེར་གྱི་རྒན་གསོའི་དངུལ་གྱི་མ་འཇོག་ཐོན་རྫས་ཀྱི་དཀར་ཆག་ནང་བཅུག་ཡོད་པ་རེད། དེ་ཐོག་ནས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་མ་དངུལ་འཇོག་རིན་ཡོད་པའི་ཐོན་རྫས་ཀྱི་གྲངས་འབོར་900ལྷག་ཙམ་ཟིན་པ་མཚོན་ཡོད།

“མི་སྒེར་གྱི་རྒན་གསོའི་དངུལ་ནང་གི་གསོག་དངུལ་རིགས་ཀྱི་ཐོན་རྫས་དང་རྒྱལ་བུན་ཐོན་རྫས་ཅུང་བརྟན་ཞིང་སྔོན་དཔག་ཁེ་བོགས་ཉུང་ཙམ་ཡོད་པས‘མ་རྩ་སྲུང་བའི’དགོས་མཁོ་ཡོད་པའི་མ་འཇོག་མཁན་ལ་འཚམ་པོ་ཡོད། འབྱོར་སྐྱོང་རིགས་ཀྱི་ཐོན་རྫས་ཀྱི་སྔོན་དཔག་ཁེ་བོགས་དང་ཉེན་ཁ་སྙོམས་པོ་ཡིན་ཞིང་འཕར་ཆག་ཆེན་པོ་མེད་པས་མ་འཇོག་གི་ཁེ་བོཌ་ངེས་ཅན་དགོས་པའི་མ་འཇོག་མཁན་ལ་འཚམ་པོ་ཡོད། ཐེབས་རྩའི་རིགས་ཀྱི་ཐོན་རྫས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་ཅིང་སྔོན་དཔག་ཁེ་བོགས་ཀྱང་མཐོ་ཙམ་ཡོད་པས་ཉེན་ཁ་ཆེ་ཙམ་ཡོད་པ་དང་མ་འཇོག་གི་ཉམས་མྱོང་ངེས་ཅན་ལྡན་པའི་མ་འཇོག་མཁན་ལ་འཚམ་པོ་ཡོད། འགན་བཅོལ་རིགས་ཀྱི་ཐོན་རྫས་ལ་སྔོན་དཔག་ཁེ་བོགས་ངེས་ཅན་མཁོ་འདོན་བྱེད་པ་དང་ཆབས་ཅིག་ད་དུང་ཉེན་ཁ་འགན་ལེན་བྱེད་པའི་ནུས་པའང་ལྡན་ཡོད”ཅེས་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཞིབ་འཇུག་པ་ལོའུ་ཧྥེ་ཕུང་གིས་བརྗོད།

ཚོང་འགུགས་དངུལ་ཁང་དང་ཀྲུང་གོ་ལན་ཐུང་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་ཞིབ་འཇུག་པ་ཏུང་ཤིས་མིའོ་ཡིས། མ་འཇོག་དང་འབྱོར་སྐྱོང་ཤེས་བྱ་དང་ཉམས་མྱོང་ལྡན་ལ་ཁེ་བོགས་མཐོ་ཙམ་བརྩོན་ལེན་བྱེད་པ་དང་ཆབས་ཅིག ཉེན་ཁ་ཐེག་ནུས་ངེས་ཅན་ལྡན་པའི་མ་འཇོག་མཁན་གྱི་ངོས་ནས་བརྗོད་ན། རྒན་གསོའི་དམིགས་ཚད་ཐེབས་རྩ་དང་རྒན་གསོའི་འབྱོར་སྐྱོང་སོགས་ཀྱི་ཐོན་རྫས་ཉོ་བར་གཙོ་གནད་ཐོག་བསམ་གཞིག་བྱེད་དགོས་པའི་གྲོས་འགོ་བཏོན་ཞིང་། ཁོང་གིས“དུས་ཐུང་ནང་ཐེབས་རྩའི་ཐོན་རྫས་ཀྱི་ཁེ་བོགས་ལ་འཕར་ཆག་ངེས་ཅན་ཡོང་སྲིད་པས་མ་འཇོག་མཁན་ལ་ཡུན་རིང་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་བརྗོད།

སྔ་སྣུར་དུ་དངུལ་ལེན་མཁན་མང་དུ་སོང་ཡང་དངུལ་ལེན་སྟངས་དེ་བས་སྟབས་བདེ་རུ་ཕྱིན་པ།

ཐོན་རྫས་ཕུན་སུམ་ཚོཌ་པོ་ཡོད་པས་བརྒྱུད་རིམ་ད་དུང་སྟབས་བདེ་རུ་གཏོང་བ་སྟེ། 《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ཚོང་ལས་དངུལ་ཁང་གིས་ཞབས་ཞུའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དྲ་ཐོག་ནས་ཚོང་ལས་རྒན་གསོ་འགན་བཅོལ་གྱི་ཐོན་རྫས་ཉོ་སྐབས“སྒྲ་ཕབ་བརྙན་ཕབ”བྱེད་དགོས་པའི་བླང་བྱ་མེད་པར་བཟོ་དགོས།

“དེས་འགན་བཅོལ་ནང་ཞུགས་མཁན་གྱིས‘གཅིག་འཐུས་རྣམ་པ’ནས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཉོ་བར་སྟབས་བདེ་བསྐྲུན་རྒྱུ་ཡིན་པས། མི་སེར་གྱི་མ་འཇོག་གི་ཧུར་བརྩོན་རང་བཞིན་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད”ཅེས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏུང་ཁེ་ཡུང་གིས་བརྗོད་པ་དང་། ཁོང་གིས། ལོ་གཉིས་ནང་སྔོན་ཚུད་ལག་ལེན་བསྟར་བ་བརྒྱུད། མི་ཁྲི་7000ལྷག་ཙམ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ནང་ཞུགས་ཡོད། མ་འཇོག་མཁན་ཉར་བ་དང་མ་དངུལ་ཇི་ལྟར་འགུགས་པའི་ཐད། དངུལ་རྩའི་སྒྲིག་གཞིས་ཆེད་ལས་ཀྱི་ཆུ་ཚད་སྔར་ལས་མང་བ་བཏོན་ནས་བློ་འདོན་ཇུས་འགོད་ཀྱིས་ཚང་མའི་མ་འཇོག་གི་དཀའ་ཚད་དམའ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཁེ་བོགས་བརྟན་དུ་གཏོང་རོགས་བྱེད་དགོས་ཞེས་བརྗོད།

《བརྡ་ཐོའི》ནང་། ད་དུང་སྔ་སྣུར་དུ་དངུལ་ལེན་ཚུལ་ཁ་སྣོན་བརྒྱབ་ཡོད་པ་སྟེ། གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ལོ་ཚད་ལ་སླེབས་པ་དང་། ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བ། ཕྱི་རྒྱལ(རྒྱལ་མཚམས་སྒྲོལ་བ)དུ་གཞིས་ཆགས་པ་སོགས་དངུལ་ལེན་པའི་ཆ་རྐྱེན་དང་མཐུན་པ་ཕུད། ད་དུང་ནད་གཞི་ཚབས་ཆེན་ཕོག་པ་དང་། ལས་ཤོར་འགན་བཅོལ་དངུལ་ལེན་ནས་ཆ་རྐྱེན་ངེས་ཅན་ལ་སླེབས་པ། མ་མཐའི་འཚོ་བའི་འགན་ལེན་དངུལ་ལེན་བཞིན་པ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱིས་ཀྱང་སྔ་སྣུར་དུ་མི་སྒེར་གྱི་རྒན་གསོའི་དངུལ་ལེན་པའི་རེ་ཞུ་བྱེད་ཆོག དངུལ་ལེན་སྟངས་ཀྱང་སྔར་བས་སྟབས་བདེ་རུ་ཕྱིན་པ་སྟེ། འགན་བཅོལ་ནང་ཞུགས་མཁན་གྱིས་ཟླ་རེ་དང་། ཐེངས་རེའམ་ཡང་ན་ཐེངས་གཅིག་ལ་མི་སྒེར་གྱི་རྒན་གསོའི་དངུལ་ལེན་པའི་གདམ་ག་བྱེད་ཆོག་པ་མ་ཟད། ད་དུང་འགྱུར་བ་ཡང་གཏོང་ཆོག

དངུལ་ལེན་པའི་ཆ་རྐྱེན་འཛོམས་ཚེ་འགན་བཅོལ་ནང་ཞུགས་མཁན་གྱིས་རིམ་ཁག་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་དྲ་ཐོག་ཞབས་འདེགས་ཞུ་ཡུལ། ཚོང་ལས་དངུལ་ཁང་སོགས་ཀྱི་ཐབས་ལམ་བརྒྱུད་རེ་ཞུ་བྱེད་ཆོག་པ་དང་འབྲེལ། ཞིབ་བསྡུར་བྱས་རྗེས་ཚོང་ལས་དངུལ་ཁང་གིས་མི་སྒེར་གྱི་རྒན་གསོའི་དངུལ་རང་ཉིད་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་ཡི་དངུལ་ཁང་གི་རྩིས་ཐོའི་ནང་བླུགས་ཀྱི་ཡོད་པ་རེད།

(ཉི་དོན་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)

(འདི་ག་ཚགས་པར་ཁང་དུ་ཕྱོགས་བསྡུས་གནས་ཚུལ་འབྱོར་པ་གཞིར་བཟུང)