《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月15日

ཆུ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ་ལོ་10འཁོར་བ། རིམ་རྩིས་བརྒྱབ་ན་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་བྱང་ཕྱོགས་ས་ཁུལ་ལ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་767ལྷག་ཙམ་ཟིན་པ།

ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ཕན་འབྲས་དེ་བས་ཆེ་བ་འདོན་པར་སྐུལ་འདེད་ཏན་ཏིག་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་དབྱང།

ཟླ་12ཚེས་12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ་ལོ་10འཁོར་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ལྷོ་ཆུ་བྱང་འདྲེན་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་། དུས་རབས་ཀྱི་ལས་གྲྭ། དམངས་སེམས་ཀྱི་འདུ་འགོད་བཅས་རེད། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཝང་ཏའོ་ཞི་ཡིས་ཆུ་བེད་པུས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱེད་པར་ཤུགས་སྣོན་རྒྱག་པ། ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་བརྟན་པོའི་ངང་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་དང་མ་ལག་ཆེན་པོ་མགྱོགས་མྱུར་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཕྱོགས་བསྡུས་ཕན་འབྲས་གང་ལེགས་ཐོན་པ།

ཟླ་12ཚེས་12ཉིན་བར། རིམ་རྩིས་བརྒྱབ་ན་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་བྱང་ཕྱོགས་ས་ཁུལ་དུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་767ལྷག་ཙམ་ཟིན་ནས་ལས་གྲྭའི་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང་45དང་མི་གྲངས་དུང་ཕྱུར་1.85ལ་ཕན་པ་ཐོབ་ཡོད། ཝང་ཏའོ་ཞི་ཡིས“ཆུ་ཤར་གཏོང་ཐུབ་ཚུན་ལས་གྲྭ་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་བྱུང་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་བཤད།

ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་སོང་ཞིང་། ཆུ་ཤར་གཏོང་ཐུབ་ཚུན་ལས་གྲྭ་དེའི་ལོ་རེའི་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་20ལྷག་ཙམ་ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་100བར་རྒྱུན་མཐུད་ངང་འཕར་ཡོད་པ་རེད། ལྷོ་ཆུ་བྱང་འདྲེན་ནི་པེ་ཅིང་དང་ཐེན་ཅིན་སོགས་བྱང་ཕྱོགས་གྲོང་ཁྱེར་མང་པོའི་ཆུ་མཁོ་འདོན་གྱི་སྲོག་རྩ་ལྟ་བུར་གྱུར་བ་དང་ཤར་རྒྱུད་ཀྱི་ལས་གྲྭ་དེ་ཆི་ལུའུ་ས་གཞི་ཆེན་པོའི་ཐོག་གི“T”དབྱིབས་ཀྱི་ཆུ་མཁོ་འདོན་མ་ལག་ཆེན་པོར་གྱུར་ཡོད།

མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཤིང་། ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་འདྲེན་མ་ཡུར་གྱི་ཆུའི་སྤུས་ཚད་དེ་ས་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅲཔར་བརྟན་པོར་གནས་པ་དང་། ཏན་ཅང་ཁོའུ་ཆུ་མཛོད་དང་དབུས་རྒྱུད་མ་ལམ་གྱི་ཆུ་མཁོ་འདོན་གྱི་ཆུའི་སྤུས་ཚད་དེ་ས་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅱཔ་ཡན་དུ་བརྟན་པོར་གནས་ཡོད་པ་རེད། ཆུ་བེད་པུའི་ལྷོ་ཆུ་བྱང་འདྲེན་ལས་གྲྭ་དོ་དམ་སིའི་སི་ཀྲང་ལི་ཡུང་གིས“ཆུ་འདྲེན་ཁུལ་གྱི་གྲོང་ཁྱེར་ལ་ཆུ་མཁོ་འདོན་འགན་ལེན་ཐུབ་ཚད་ཆེས་ཆེར་འཕར་ཡོད”ཅེས་བཤད།

གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱུང་ཞིང་། ལས་གྲྭས་ས་འོག་ཆུ་འདོན་པ་དང་ཁ་གསབ་དོ་སྙོམས་རགས་ཙམ་བྱུང་ནས་ཆུ་མ་རྒྱས་གོང་གི་ཆུ་ལྷག་མ་དེ་དག་བྱང་ཕྱོགས་ཀྱི་ཆུ་བོ་50ལྷག་ཙམ་གྱི་སྐྱེ་ཁམས་ཆུ་གསབ་བྱས་པར་རིམ་རྩིས་བརྒྱབ་ན་ཆུ་གསབ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་118ལྷག་ཙམ་ཟིན་ཡོད་པ་རེད།

ལྷོ་བྱང་གི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱུང་ཞིང་། ལྷོ་ཆུ་བྱང་འདྲེན་གྱིས་བྱང་ཕྱོགས་ས་ཁུལ་གྱི་GDPསྒོར་དུང་ཕྱུར་ཁྲི་16ལྷག་ཙམ་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཤིང་། བྱང་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་གལ་ཆེན་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོ། ནུས་རྒྱུའི་རྟེན་གཞི་བཅས་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་དེ་དག་འགྲིམ་འགྲུལ་དྲ་བ་དང་གློག་དྲ་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་དབོར་འདྲེན་བྱས་སྟབས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་རང་རྒྱལ་གྱི་ལྷོ་བྱང་རྒྱུད་དུ་བཀོད་སྒྲིག་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ད་ཕན་ལོ་ཤས་རིང་ཆུ་བེད་པུས《རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་འཆར་འགོད་རྩ་གནད》ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་དྲ་སྦྲེལ་དང་། དྲ་གསབ། འཁོར་འབྲེལ་ལེགས་སུ་གཏོང་བ་བཅས་གཙོ་གནད་དུ་བྱས་ཏེ་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

རྒྱལ་ཁབ་ཀྱི་ཆུ་དྲའི་མ་ལག་ཆེན་པོ་དང་ཆུ་འདྲེན་དང་ཆུ་འབུད་མདོང་ལམ་གཙོ་བོ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ཞིང་། འབྲི་ཆུ་དང་ཧོའེ་ཧོ་ཆུ་བོ་འབྲེལ་མཐུད་ཀྱི་འབྲི་ཆུ་ནས་ཧོའེ་ཧོ་ཆུ་བོར་ཆུ་འདྲེན་པ་དང་། ཧན་ཅང་གཙང་པོ་དང་ཝེ་ཧོ་ཆུ་བོ་འབྲེལ་མཐུད་ཀྱི་ཧན་ཅང་གཙང་པོ་ནས་ཝེ་ཧོ་ཆུ་བོར་ཆུ་འདྲེན་པའི་ལས་གྲྭ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་སོགས་འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་གལ་ཆེན་ཁག་ཅིག་བསྐྲུན་ཟིན་ནས་ཆུ་ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག་བྱང་རྒྱུད་མཚོ་ཁུག་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་དང་། ཅི་ལིན་ཆུ་དྲའི་ལས་གྲྭ་གཙོ་བོ། ཧོའེ་ཧོ་ཆུ་བོ་རྒྱ་མཚོར་བཞུར་ལམ་གྱི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་ཆུ་དྲའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ད་ཕན་ལོ་ཤས་རིང་ཤིས་ཅང་གཙང་པོའི་ཏ་ཐེང་ཆུ་འགག་དང་། ཅང་ཤིས་ཧྭ་ཆའོ། ནང་སོག་གི་ཐའེ་ཙེ་ཤར་མ། བོད་ལྗོངས་ཀྱི་ཤངས་ཆུ་སོགས་ཆུ་བེད་ལྟེ་གནས་ཆེ་གྲས་ཁག་གཅིག་བསྐྲུན་ཟིན་ནས་འབྲུབ་འགོག་དང་། ཆུ་མཁོ་འདོན། སྐྱེ་ཁམས་ལེགས་གཏོང་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ཆུ་བེད་པུའི་འཆར་འགོད་འཆར་གཞི་སིའི་སི་ཀྲང་ཀྲང་ཞང་ཝུའེ་ཡིས“ཅང་ཤིས་ཏ་ཨའོ་དང་། ཀོང་ཤིས་ཞ་ལེའུ་ཅ། ཨན་ཧུའེ་ཧུའེ་ཧུང་ཤིན་ཧོ་སོགས་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་ཁག་གཅིག་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཆུ་བེད་རྨང་གཞི་བརྟན་དུ་བཏང་ཡོད”ཅེས་བཤད།

ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་ཆུ་དྲ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ཁྲུང་ཆིང་ནུབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་དང་ཧའེ་ནན་ཁྲང་ཧྭ་ཡི་གཙང་ཆུའི་ཐོན་ཁུངས་བཀོད་སྒྲིག་སོགས་ཞིང་ཆེན་རིམ་པའི་ཆུ་དྲའི་ལས་གྲྭ་གཙོ་བོ་ཁག་གཅིག་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ལེའོ་ཏུང་ཕྱེད་གླིང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་དུས་ཐེངས་དང་པོ་དང་སི་ཁྲོན་གྱི་ཏཱ་ཏུའུ་ཆུ་བོ་ནས་མིན་ཅང་གཙང་པོར་ཆུ་འདྲེན་པ་སོགས་ཞིང་ཆེན་རིམ་པའི་ཆུ་དྲའི་ལས་གྲྭ་གཙོ་བོ་ཁག་གཅིག་གི་དུས་འགོའི་ལས་དོན་སྤེལ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།

ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཆུ་བེད་པུས《ལྷོ་ཆུ་བྱང་འདྲེན་ལས་གྲྭའི་སྤྱིའི་འཆར་འགོད》བཟོ་བཅོས་ལས་དོན་མགྱོགས་མྱུར་སྤེལ་བ་དང་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭའི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་གྱི་སྟ་གོན་ཁག་ཡག་པོ་བསྒྲུབས་ཐོག་དབུས་རྒྱུད་ཀྱི་རྗེས་མཐུད་ཀྱི་འབྲི་ཆུ་ནས་ཧན་ཅང་གཙང་པོར་ཆུ་གསབ་པའི་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།

ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ངང་འབྲི་ཆུ་ནས་ཧན་ཅང་གཙང་པོར་ཆུ་གསབ་པའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་འབྲི་ཆུ་ནས་ཧན་ཅང་གཙང་པོར་ཆུ་གསབ་པའི་ལས་གྲྭའི་ཕུག་ལམ་གཙོ་བོ་འདྲུ་ཚད་སྤྱི་ལེ་3.3ལྷག་ཙམ་ཟིན་པ་དང་ལམ་རྒྱུད་ཀྱི་ཡན་ལག་ཕུག་ལམ་21འདྲུ་ཚད་སྤྱི་ལེ་13.9ལྷག་ཙམ་ཟིན་ཡོད། རིམ་རྩིས་བརྒྱབ་ན་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་65.4བཏང་བ་དང་ཉེ་བའི་ལོ་ཤས་རིང་། ལྷོ་ཆུ་བྱང་འདྲེན་ཚོགས་པས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ་རིག་ནུས་སྔོག་འདྲུའི་སྒྲིག་ཆས་ཞིབ་བཟོ་དང་། སྔོན་ཚུད་ནས་ས་གཤིས་སྔོན་བརྡ་གཏོང་བ་སོགས་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཨར་ལས་ཁྲོད་ཀྱི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་རེད། (བསོད་ནམས་བདེ་སྐྱིད་ཆེ་བས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)