འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་ལ་ཕྱིར་གཏོང་ནང་འདྲེན་ཐད་དངོས་ཡོད་གྲུབ་འབྲས་ཐོབ་པའི་ཁེ་ལས་196ཡོད་པ་དེ་དུས་མཚུངས་ལས་14.6%འཕར་བ་དང་། མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་31.8ཟིན་པ་དེ་དུས་མཚུངས་ལས་64.1%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་76.2%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་23.7མང་དུ་སོང་ཞིང་། དེའི་ཁྲོད་ཕྱིར་གཏོང་དངུལ་གྲངས་སྒོར་དུང་ཕྱུར་26.1ཟིན་ཏེ་91.4%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་87.4%བཟུང་ཡོད། འདི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་མ་ཟད། ལྷག་པར་དུ་དམངས་གཉེར་ཁེ་ལས་ལས་ཀ་སྒྲུབ་ཚུལ་ཧ་ཅང་ཡག་པོ་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཁེ་ལས་ཀྱི་དཀའ་ངལ་ཏན་ཏིག་བསལ་ནས་དམངས་གཉེར་ཁེ་ལས་ཕྱིར་སྐྱོད་པའི་བགྲོད་ལམ་གཤོང་བ་དང་། ཁེ་ལས“ཕྱིར་སྐྱོད་ལམ་བུར”ཡག་པོ་བསྐྱོད་ཐུབ་རྒྱུར་རོགས་རམ་བྱ་ཆེད། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་འགན་ནུས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་དུས་བབ་ལ་དབྱེ་ཞིབ་དང་འགྲོ་ཕྱོགས་ལ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། ཚོང་དོན་འགོག་སྲུང་དང་བཀག་སྡོམ་གྱི་ཤུགས་རྐྱེན་ལ་བརྟག་ཞིབ་ཟབ་མོ་བྱས་ནས་དུས་ཐོག་ཏུ་ཁ་གཏད་གཅོག་པའི་བྱ་ཐབས་ལ་ཞིབ་འཇུག་གིས་དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་ཁྲོམ་རའི་དགོས་མཁོ་མི་གཅིག་པར་དམིགས་ནས་ཕྱིར་གཏོང་གནད་སྨིན་ཡོང་བར་ཁྲིད་སྟོན་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་ཚོང་དོན་རོགས་ཟླ་ཉིན་བཞིན་སྣ་མང་དུ་འགྱུར་བ་དང་ཕྱིར་གཏོང་གྲུབ་འབྲས་ཀྱང་ཟམ་མི་ཆད་པར་ཡག་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཞིང་། འདི་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་22.4ཟིན་ནས་ལྡབ་1.2འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་70.4%བཟུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཁེ་ལས་འགག་སྒོ་སྒྲོལ་བར་སྐུལ་འདེད་གཏོང་བའི་སྟབས་བདེའི་བྱ་ཐབས་16དོན་འཁྱོལ་ཡག་པོ་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་བའི་ཐོག “འགག་སྒོར་ཁྱབ་སྤེལ་གསུམ”དང་། “འགག་སྒོས་དྲིལ་བསྒྲགས་ལ་སྐུལ་འདེད་དང་། འགག་སྒོས་འཕེལ་རྒྱས་ཡོང་བར་བྱེད་པ” དེ་བཞིན་གནད་དོན་གཙང་བཤེར་སོགས་ཀྱི་ཕུགས་ཕན་ལམ་སྲོལ་ལ་བརྟེན་ནས་སྲིད་ཇུས་ཀྱི་ཕན་པ་རྒྱུན་ཆད་པར་སྤྲད་པ་དང་དམངས་གཉེར་ཁེ་ལས་ལ་མངགས་ཐོ་བརྟན་པོ་དང་ཁྲོམ་ར་རྒྱ་བསྐྱེད་རྒྱུར་རོགས་རམ་བྱས་ནས་དམངས་གཉེར་ཁེ་ལས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་འཕར་གཞིར་འགྱུར་བ་བྱས་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)